ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁ་བསླུས་རྒྱག་མཁན་ཞིག་འཛིན་བཟུང་བྱས་འདུག

སྤེལ་དུས 2024-03-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            བཤད་རྒྱུན་དུ། ནོར་ལ་དགའ་ཡང་། གསོག་ལ་མཁས་དགོས་ཞེས་བཤད་སྲོལ་ཡོད། ཡིན་ནའང་དོན་དངོས་འཚོ་བའི་ཁྲོད་གཞན་ལ་མགོ་སྐོར་གཏོང་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་ཐོན་དང་ཐོན་མུས་ཡིན་ལ། དཀའ་ལས་མ་བརྒྱབ་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་པ་བཅངས་ནས་གཞན་རྒྱུ་བདག་གིར་འཛིན་པའི་ཐ་ཤལ་བྱེད་སྟངས་ཐོན་མུས་ཡིན་པས་གཤམ་གྱི་གྱོད་གཞིར་གཟིགས་དང་རང་གཞན་ཚང་མར་མགོ་བསྐོན་སློབ་གསོ་ཐེབས་ངེས་རེད།
            ཉེ་དུས་བསམ་གྲུབ་རྩེ་ཆུས་ཀྱི་སྤྱི་བདེའི་མི་སྣས་རླངས་འཁོར་རྙིང་པ་བཙོང་རྒྱུའི་མིང་ཐོགས་ནས་ཁ་བསླུས་ཐེབས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཁ་བསླུས་རྒྱག་མཁན་མི1འཛིན་བཟུང་བྱས་ནས་དུས་ཐོག་ལ་མང་ཚོགས་ཀྱི་གྱོང་གུན་ལེན་རོགས་བྱས་པ་རེད།

            ཟླ2པའི་ཚེས9ཉིན། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ལྗའུ་གྲང་མངགས་གཏོང་ཁང་ལ་བྱམས་ཆེ་གེ་མོས་རླངས་འཁོར་རྙིང་པ་བཙོང་མཁན་ཚེ་ཆེ་གེ་མོ་ལ་འགྱུར་རྟེན་སྒོར5000བཞག་ནས་རླངས་འཁོར་ཉོ་རྩིས་བྱས་རྗེས། ད་ལྟའི་བར་དུ་རླངས་འཁོར་མཐོང་རྒྱུ་མེད་པས་རང་གི་སྒོར་མོ་ཁ་བསླུས་ཤོར་བར་དོགས་པ་སྐྱེས་ནས། ཉེན་རྟོག་པར་ཞིབ་བཤེར་བྱ་རོགས་ཞེས་པའི་སྙན་ཞུ་ཞིག་འབྱོར་བ་རེད།
            བྱམས་ཆེ་གེ་མོས་ཉེན་རྟོག་པར་བཤད་གསལ། ཁོ་རང་རླངས་འཁོར་རྙིང་པ་ཞིག་ཉོས་ནས་དངོས་ཟོག་དབོར་འདྲེན་བྱ་རྒྱུའི་བསམ་བློ་སྔ་ས་ནས་ཡོད་པ་དང་། ན་ནིང་ཟླ11པའི་ཚེས17ཉིན་ཐད་གཏོང་སྟེགས་བུ་ཞིག་ནས་རླངས་འཁོར་རྙིང་པ་གོང་ཁེ་པོའི་ཐོག་ནས་བཙོང་གི་ཡོད་པ་དང་། གོང་ཚད་བློ་ལ་བབས་པ་ཞིག་ཡོད་པར་བརྟེན་ཚེ་ཆེ་གེ་མོའི་སྐད་འཕྲིན་ཐོག་གོང་ཚད་བསྒྲིགས་རྗེས། ཚེ་ཆེ་གེ་མོས་འགྱུར་རྟེན2000སྔོན་ལ་སྤྲད་ཚེ་རླངས་འཁོར་ཉར་དགོས་བཤད་པར། བྱམས་ཆེ་གེ་མོས་རླངས་འཁོར་གོང་ཁེ་པོ་ཡོད་པ་དང་། རང་གི་བློ་ལ་སོང་བས་ཐད་ཀར་ཚེ་ཆེ་གེ་མོར་སྒོར2000བསྐུར་བ་རེད།

            འགྱུར་རྟེན་འབྱོར་རྗེས། ཚེ་ཆེ་གེ་མོས་སྦྱིན་བདག་གིས་རེ་བ་བཏོན་པ་སོགས་རྒྱུ་མཚན་དུ་བྱས་ནས་འགྱུར་རྟེན་ད་དུང་དགོས་ལུགས་བཤད་པ་དང་། བྱམས་ཆེ་གེ་མོས་སྐད་འཕྲིན་བརྒྱུད་ནས་ཡང་བསྐྱར་ཚེ་ཆེ་གེ་མོར་སྒོར3000བསྐུར་བ་རེད། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་ཕྱིན་ཡང་རླངས་འཁོར་ད་དུང་མ་འབྱོར་པས་བྱམས་ཆེ་གེ་མོས་ཚེ་ཆེ་གེ་མོར་འབྲེལ་བ་ཐེངས་མང་བྱས་ཀྱང་ཚུར་རྒྱུ་མཚན་མང་དག་ཅིག་བཤད་ནས་དུས་ཚོད་ནར་འགྱངས་བྱས། དེའི་རྗེས་སྐད་འཕྲིན་ཐེངས་མང་བསྐུར་ཡང་ལན་རྒྱག་མཁན་མེད་སྟབས་བྱམས་ཆེ་གེ་མོས་རང་ཉིད་གཞན་གྱི་མགོ་སྐོར་འོག་ལ་ཚུད་པ་ཤེས་ནས་འཕྲལ་དུ་ཉེན་རྟོག་པར་སྙན་སེང་ཞུས་པ་རེད།

            གྱོད་གཞི་རྩད་ཆོད་གང་མགྱོགས་ཐུབ་པ་དང་། མང་ཚོགས་ཀྱི་གྱོང་གུན་ཕྱིར་ལེན་ཆེད། ཉེན་རྟོག་པས་བྱམས་ཆེ་གེ་མོ་ཐེངས་མང་བཙལ་ནས་གནས་ཚུལ་ཤེས་རྟོགས་བྱས་པ་དང་། གྱོད་གཞིའི་གནས་ཚུལ་ཞིབ་ཕྲ་སྐད་ཆ་དྲིས་ཤིང་། གནས་ཚུལ་གྱི་ཁུངས་སྣེར་རྒྱུ་མ་ཕུ་འདེད་བྱས་རྗེས། ཟླ3པའི་ཚེས8ཉིན་ཕྱོགས་ཁག་གི་འབད་བརྩོན་བྱས་པ་བརྒྱུད་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་གཏན་འཁེལ་ནས། ཚེ་ཆེ་གེ་མོ་དིང་རི་རྫོང་ལ་ཡོད་པ་ཤེས་རྟོགས་བྱུང་རྗེས་གྱོད་དོན་ཁས་ལེན་བྱེད་པར་སྐད་བཏང་བ་རེད།
            འདྲི་རྩད་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་ཁྲིམས་འགལ་ཁ་བསླུས་བརྒྱབ་པའི་གནས་ཚུལ་ཚང་མ་ཁས་བླངས་ཤིང་། ཁ་བསླུས་བརྒྱབ་པའི་བརྒྱུད་རིམ་ཡོངས་གསལ་བཤད་བྱས། དུས་རྒྱུན་དུ་ལས་མེད་ལྟོ་ལ་དགའ་བར་བརྟེན་དངུལ་ཁ་བསླུས་རྒྱག་པའི་ངན་སེམས་བཅངས་ནས་ཐད་གཏོང་སྟེགས་བུའི་ཐོག་རླངས་འཁོར་རྙིང་པ་བཙོང་རྒྱུའི་ཆ་འཕྲིན་རྫུན་མ་བཏང་ནས། གོང་ཁེ་པོ་ཡོད་པའི་གཡོ་ཇུས་བྱས་ནས་མི་གཞན་གྱི་རྒྱུ་ནོར་ཁ་བསླུས་བརྒྱབ་པ་རེད། ད་ཆ་ཚེ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་དང་། ཁ་བསླུས་བརྒྱབ་པའི་དངུལ་ཚང་མ་བྱམས་ཆེ་གེ་མོར་ཕྱིར་སྤྲད་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།