ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྲུག་སྐྱོབ་སར་བསྐྱོད་པ།

སྤེལ་དུས 2024-03-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ལྷ་སྒྲོན་མཚོས་བསྒྱུར།
             མི་མེད་ཐང་རྒོད་ཀྱི་ཆ་སྙོམས་ས་བབ་སྨི4600གི་ཨ་ཆེན་གངས་རྒྱབ་དུ་ཁྱད་པར་ཅན་གྱི་གཙོད་ཕྲུག་སྐྱོབ་ས་ཞིག་ཡོད། གནས་དེ་རུ་གྲུང་ཤ་དོད་པ་དང་ཤིན་ཏུ་སྙིང་རྗེ་བའི་གཙོད་ཕྲུག་སྐོར་ཞིག་འཚོ་སྡོད་བྱས་ཡོད།
             གཙོད་ཕྲུག་སྐྱོབ་ས་དེ་འཛུགས་སྐྲུན་བྱས་ནས་ལོ22འགོར་ཞིང་། དེ་ནི་ས་བཟུང་ཚད་མུའུ550ཟིན་པའི་རི་སྐྱེས་སྲོག་ཆགས་རོགས་སྐྱོར་ལྟེ་གནས་ཞིག་ཡིན། འདས་ཟིན་པའི་ལོ་ཟླ་རིང་མོ་ཁྲོད་ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་མི་སྣས་སྔ་རྗེས་སུ་གཙོད་ཕྲུག50ལྷག་ལ་རོགས་སྐྱོབ་བྱས་པ་དང་། གཙོད་ཕྲུག་དེ་དག་གིས་རོགས་སྐྱོབ་ལྟེ་གནས་སུ་སྨན་བཅོས་དང་ལེན་བྱེད་པ་དང་བདེ་ཐང་ངང་འཚར་ལོངས་བྱུང་ནས་ཡང་བསྐྱར་རང་བྱུང་ཁམས་སུ་བསྐྱོད་པ་རེད།
             རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པའི་ཆ་ནས། གཙོད་ཁྱུའི་གྲངས་འབོར་ཡང་རྒྱུན་མཐུད་ངང་འཕར་བཞིན་ཡོད་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་འབོར་འཕར་ནས་ཁྲི7ལྷག་ཏུ་ཟིན་ཡོད། སྲུང་སྐྱོང་རིམ་པ་ཡང“ཚར་ཉེན་ལྡན་པའི་སྲོག་ཆགས་རིགས”ནས“ཚར་ལ་ཉེ་བའི་སྲོག་ཆགས”རིགས་སུ་སྒྱུར།
             རི་སྐྱེས་སྲོག་ཆགས་གཙོད་ཀྱི་རིམ་པ་མར་བབས་པ་དེས་ཀྲུང་གོས་ཚར་ཉེན་ལྡན་པའི་སྲོག་ཆགས་རིགས་ལ་སྲུང་སྐྱོང་བྱས་པའི་ལག་ལེན་དངོས་ཡིན་པ་མ་ཟད། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་མཛེས་བར་གྱུར་བའི་མཚོན་བྱེད་ཅིག་ཡིན།

སྐོར་ཞིབ་རུ་མི་ཚེ་དབང་རྡོ་རྗེ་གཙོད་ཕྲུག་གཅིག་དང་མཉམ་དུ་ཡོད་པ།
             ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་སུ་གྱུར་བའི་བྲག་ནག་མཚེའུ་ལ“གཙོད་ཕྲུག་བཙའ་ཁང་ཆེན་མོ”ཞེས་འབོད་ཀྱིན་ཡོད། ལོ་རེའི་ཟླ5བ་ནས་ཟླ7པར་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དང་ཞིན་ཅང་ཨ་འུར་ཅིན་ཧྲན། བོད་ལྗོངས་བྱང་ཐང་ནས་ཡོང་བའི་གཙོད་ཁྱུ་མཚེའུ་དེའི་འགྲམ་རྒྱུད་དུ་འདུས་ནས་གཙོད་ཕྲུག་བཙའ་བར་གྲ་སྒྲིག་བྱས།
             2023ལོའི་གཙོད་ཁྱུའི་གནས་སྤོར་གཙོད་ཕྲུག་བཙའ་བའི་དུས་སུ་སྐོར་ཞིབ་རུ་མིས་ཨ་ཆེན་གངས་རྒྱབ་ལྟེ་གནས་ཀྱི་བྲག་ནག་མཚེའུ་འགྲམ་དུ་རྗེས་སུ་ལུས་པའི་གཙོད་ཕྲུག3སྐྱབས་པ་དང་། “གཙོད་ཕྲུག་བཙའ་འགྲོ་བའི་ལམ་བར་དུ་གནམ་གཤིས་དྲག་པོ་དང་དགྲ་བོའི་རྒོལ་པ་དང་ཐུག་ན། གཙོད་ཕྲུག་གཙོད་ཁྱུ་དང་ཁ་ཐོར་སླ་ཞིང་། ཁ་ཐོར་དུ་སོང་བའི་གཙོད་ཕྲུག་མཐོང་ཚེ་ང་ཚོས་རོགས་སྐྱོབ་ལྟེ་གནས་སུ་ཁྱེར་ཡོང་བ་ཡིན”ཞེས་སྐོར་ཞིབ་རུ་མི་ཚེ་དབང་རྡོ་རྗེ་ཡིས་དེ་ལྟར་བརྗོད།
             གཙོད་ཕྲུག་སྐྱོབ་སའི་གཙོད་ཕྲུག་ཁེར་རྐྱང་དུ་འདུག་པ་མིན་པར། སྐོར་ཞིབ་རུ་མིས་སྲོག་ཆགས་དེ་དག་ལ་བདག་སྐྱོང་ཡག་པོ་བྱས་ནས་འོ་མ་ལྡུད་པ་དང་རི་སྐྱེས་ཅན་དུ་སྦྱོང་བརྡར་བྱེད་བཞིན་ཡོད། བྱམས་པ་དང་རོགས་བྱས་པའི་རྐྱེན་གྱིས་ཨ་ཆེན་གངས་རྒྱབ་ལ་དྲོད་ཁོལ་སྦྱིན།
             ད་ལོའི་ལོ་སར་ལ། ལོ31ལོན་པའི་ཚེ་དབང་རྡོ་རྗེ་དང་གཙོད་ཕྲུག3མཉམ་འཛོམས་བྱུང་པ་དང་། ཁོ་རང་གཙོད་ཕྲུག་སྐྱོབ་སའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་བསྡད་དེ་གཙོད་ཕྲུག་གསུམ་པོར་བདག་སྐྱོང་བྱས། 
             གསར་འགོད་པས་གཙོད་ཕྲུག་སྐྱོབ་ས་ནས་ལོ་ཕྱེད་ཀ་ཙམ་ཡིན་པའི་གཙོད་ཕྲུག་གསུམ་སྐབས་རེར་རྩེད་འཇོར་རོལ་པ་དང་སྐབས་རེར་ཟས་འཚོལ་བཞིན་པའི་རྣམ་པ་མཐོང་ཞིང་། ཡང་དེ་དག་ལ་བདག་བྱེད་མཁན་ཚེ་དབང་རྡོ་རྗེ་ཡིས་ལག་ཏུ་དམ་བེ་ཞིག་བཟུང་ནས་འོ་མ་ལྡུད་བར་བརྩོན་པས། གཙོད་ཕྲུག་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཁོའི་འགྲམ་དུ་ཡོང་། 
             “ཟླ་འགའི་རིང་། སྲོག་ཆགས་དེ་དག་ང་ལ་དགའ་ཞིང་ད་ལ་བརྟེན་བཞིན་ཡོད། ང་རང་ཉིད་ལ་མཚོན་ན་ཡང་དེ་དག་ནི་ངའི་བྱིས་པ་དང་འདྲའོ”ཞེས་ཚེ་དབང་རྡོ་རྗེ་ཡིས་དེ་ལྟར་བརྗོད། ཡང་ཁོས་མིག་སྔར་གཙོད་ཕྲུག་གསུམ་པོའི་བདེ་ཐང་གི་གནས་ཚུལ་བཟང་ལ་མི་འགྱང་བར་རི་སྐྱེས་ཅན་གྱི་སྦྱོང་བརྡར་བྱེད་དགོས། དེ་དག་གི་ལུས་པོའི་གནས་ཚུལ་ཆ་རྐྱེན་དང་མཐུན་ཚེ་ཡང་བསྐྱར་རང་བྱུང་ཁམས་སུ་གཏོང་དགོས”ཞེས་བརྗོད།
             ལོ22རིང་། གཙོད་ཕྲུག་སྐྱོབ་ས་དེས་བསྡོམས་པས་རིགས་སོ་སོའི་རི་སྐྱེས་སྲོག་ཆགས600སྐྱབས་པའི་ནང་གཙོད་ཕྲུག50ལྷག་རང་བྱུང་ཁམས་སུ་བཏང་པ་ཡིན།
             གཙོད་ཕྲུག་སྐྱོབ་ས་དེ་ནི་ཕྱི་ཕྱོགས་སུ་གཙོད་སྐྱབས་པའི་ཕན་འབྲས་མངོན་བྱེད་དང་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་འགྱུར་ལྡོག་བྱུང་བའི་སྒེའུ་ཁུང་ལྟ་བུ་གྱུར་ཡོད།
             དུས་རབས20པའི་ལོ་རབས80ནང་དུ་ཁྲིམས་འགལ་གྱི་རི་དྭགས་རྔོན་མཁན་གྱིས་རི་སྐྱེས་སྲོག་ཆགས་མང་པོ་རྔོན་པས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་འབོར་ཁྲི20ནས་ཁྲི2ལྷག་ཉུང་དུ་ཕྱིན། 1994ལོར་རི་དྭགས་རྔོན་མཁན་དང་འཐབ་རྩོད་ཐེངས་ཤིག་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་ལས་འགན་ཁུར་བའི་རྒྱས་བཟང·བསོད་ནམས་དར་རྒྱས་ཀྱིས་རང་སྲོལ་བློས་བཏང་པ་རེད། ལོ་ངོ30རིང་ལ་བསོད་ནམས་དར་རྒྱས་ཀྱི་བསམ་པའི་འབོད་སྐུལ་གྱིས་དུས་རབས་ནས་དུས་རབས་བར་ཨ་ཆེན་གངས་རྒྱབ་སྲུང་མཁན་ཚོ་ལ་སྐུལ་སློང་བྱེད་བཞིན་ཡོད།
             “བསོད་ནམས་དར་རྒྱས”སྲུང་སྐྱོང་ས་ཚིགས་སུ་མིག་སྔར་བསྡོམས་པས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ12ཡོད་པ་དང་། དེ་དག་གིས་སྐོར་ཞིབ་དང་རྔོན་པ་འགོག་པ། རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་གཙོད་སོགས་སྲུང་སྐྱོང་བྱེད་པའི་ལས་འགན་ཁུར་བཞིན་ཡོད། ཁོ་ཚོས་ཟླ་ཕྱེད་རིང་རེས་བསྐོར་ནས་སྲུང་སྐྱོང་ས་ཚིགས་སྲུང་ཞིང་། ཕྱི་རོལ་དུ་ཁོ་ཚོ་ནི་སྐོར་ཞིབ་རུ་མི་ཡིན་པ་དང་རྗེས་སུ་ལུས་ཤིང་རྨས་སྐྱོན་ཐེབས་པའི་གཙོད་ཕྲུག་དང་ཐུག་ཚེ་རོགས་སྐྱོབ་ལྟེ་གནས་སུ་ཁྱེར་ཡོང་བ་རེད། གཙོད་ཕྲུག་སྐྱོབ་སར་ཐོན་ཚེ་ཁོ་ཚོ་ནི་དེ་དག་ལ་བདག་སྐྱོང་བྱེད་མཁན་དུ་གྱུར།
             གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན། སྐོར་ཞིབ་རུ་མིས་ལོ་རེར་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ནས་རྒྱལ་ཡོངས་ས་ཆ་སོ་སོའི་དང་བླངས་པ་དང་ཡུལ་སྐོར་པར་སྐྱེ་ཁམས་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ས་ཚིགས་ཀྱི་ཚན་རིག་ཁྱབ་གདལ་འགྲེམ་སྟོན་ཐིང་དུ་གཙོད་ཀྱི་འདྲ་པར་མ་གཏོགས་རུ་མི་ཚོས་ཨ་ཆེན་གངས་རྒྱབ་དུ་སྐོར་ཞིབ་བྱས་པའི་འདྲ་པར་བཞག་ཡོད། 
             “ང་ཚོས་ཐེངས་རེ་རེར་སྐོར་ཞིབ་བྱེད་དུས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ནས་བསྐྱོད་པ་དང་། གནས་དེ་ནི་ང་ཚོས་སྐོར་ཞིབ་སྐབས་ངལ་གསོ་ས་དང་དངོས་ཟོག་ཁ་སྣོན་བྱེད་ས་གཙོ་བོ་ཡིན”ཞེས་སྐོར་ཞིབ་རུ་མི་ཏུན་ཧེའུ་ཕིང་གིས་དེ་ལྟར་བརྗོད། ཨ་ཆེན་གངས་རྒྱབ་དུ་དགུན་དུས་ཁ་བ་འབབ་པ་དང་དབྱར་དུས་ལམ་དུ་འདམ་གྱིས་ཁེངས་ཀྱང་གཙོད་ཁྱུ་གནས་དེ་ནས་བག་ཕབ་ངང་རྒྱུ་པ་མཐོང་ཚེ་རུ་མི་ཚོར་ཡང་སེམས་གསོ་ཆེན་པོ་ཞིག་ཐོབ་པ་རེད།
             གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྲུན་མགོ་བརྩམས་པ་དང་བསྟུན། གཙོད་ཁྱུའི་སྲུང་སྐྱོང་དང་ཞིབ་འཇུག་ལས་དོན་ཡང་མུ་མཐུད་དུ་རིམ་པ་འཕར།
             ཚད་བརྒལ་གྱིས་ཕྱུགས་འཚོ་བ་དང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པས། གཙང་གསུམ་འབྱུང་ཡུལ་དུད་སྔོན་ཆད་མཚོ་དང་མཚེའུ། བརླན་ས་དང་རྩྭ་ཐང་གི་སྔོ་ཁེབས་ཞན་འགྱུར་བཅས་ཀྱི་གནས་ཚུལ་བྱུང་བ་དང་། རྒྱུན་མཐུད་ངང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད། ས་གནས་ཀྱིས་སྐྱེ་ཁམས་གནས་སྤོར་རྣམ་གྲངས་མགོ་བརྩམས་ནས་རྩྭ་ཐང་གི་ཕྱུགས་འཚོ་ཚད་ཚོད་འཛིན་དང་མི་འགུལ་སྐྱོད་བྱས་ནས་གཙང་གསུམ་འབྱུང་ཡུལ་ས་ཁུལ་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་ཉུང་དུ་བཏང་། གཞན་ཡང་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལས་གཞི་ལག་བསྟར་བྱས་ནས། རྩྭ་ཐང་དང་ཐང་རྒོད། མཚོ་དང་མཚེའུ། གངས་རི་དང་འཁྱགས་རོམ། བརླན་ས་སོགས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱས།
             ཆེད་མཁས་མི་སྣས་བསྟན་དོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས་ལོ་གཉིས་འགོར་རྗེས། ས་གནས་ཁོར་ཡུག་གི་ཐེག་ཤུགས་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་། གཟན་ཕྲེང་གི་ཆ་ཚང་རང་བཞིན་མུ་མཐུད་དུ་འཐུས་ཚང་དུ་གྱུར་བ། རང་བྱུང་སྐྱེ་ཁམས་མ་ལག་སྤྱི་ཆ་ནས་ལེགས་སུ་ཕྱིན་ཞིང་སྐྱེ་ཁམས་ནུས་བ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་རེད། 
             གཙོད་ཀྱིས་རིགས་རྒྱུད་སྤེལ་ཞིང་གནས་སྤོར་ལ་སྲུང་སྐྱོང་བྱེད་པའི་ཐད། ཨ་ཆེན་གངས་རྒྱབ་ས་ཁུལ་གྱིས་མུ་མཐུད་དུ་གཞི་ཁྱོན་ཆེ་ཞིང་མཐུག་ཚད་མཐོ་བ། བྱུང་ཚད་མཐོ་བའི་ཆེད་དོན་སྐོར་ཞིབ་འགུལ་སྐྱོད་སྤེལ་ནས། ནན་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་ཚང་མར་རྡུང་བའི་བྱ་འགུལ་སྤེལ། ལོ་རེའི་ཟླ་ལྔ་བར་ས་གནས་ཀྱིས་ས་ཚིགས་སོ་སོར་ལས་དོན་མི་སྣ་དང་རླངས་འཁོར་ཁ་སྣོན་བྱས་ནས་གཙོད་ཕྲུག་བཙའ་དུས་དང་ཕྱིར་གནས་སྤོར་སྐབས་འགྲིམ་འགྲུལ་བཀག་འགོག་བྱས་པ་དང་། ཁ་ཐོར་དུ་སོང་བ་དང་རྗེས་སུ་ལུས་པའི་གཙོད་ཕྲུག་སྐྱོབ་པ་རེད།
             ལོ་མང་པོ་རིང་གི་སྲུང་སྐྱོང་བརྒྱུད། གཙོད་རྔོན་པའི་གནས་ཚུལ་གཏན་འགོག་བྱས། མིག་སྔར་ཨ་ཆེན་གངས་རྒྱབ་ས་ཁུལ་ནང་དུ་ཚུད་པའི་མཚོ་སྔོན་དང་ཞིན་ཅང་། བོད་ལྗོངས་ཞིང་ཆེན་གསུམ་གྱི་གཙོད་ཁྱུའི་གྲངས་འབོར་ཁྲི30ཟིན་པ་དང་། རྒྱུན་མཐུད་ངང་གཙོད་ལ་ཞིབ་འཇུག་བྱེད་པའི་ལས་དོན་ཐད། གཙོ་གནད་སྐྱེ་ཁམས་ས་ཁུལ་གྱི་ལྟ་ཞིབ་ཚད་འཇལ་དང་སྲུང་སྐྱོང་ལ་ཤུགས་སྣོན་ཆེད། མཚོ་སྔོན་གྱིས2016ལོ་ནས་བཟུང་དྲ་རྒྱ་ཅན་གྱི་རྒྱང་ལྟ་བརྙན་ལམ་ནས་དུས་ལྟར་ལྟ་ཞིབ་ཚད་འཇལ་བྱེད་པའི་མ་ལག་འཛུགས་སྐྲུན་བྱས་པ་དང་། མིག་སྔར་མཚོ་སྔོན་གྱི“སྐྱེ་ཁམས་སྒེའུ་ཁུངས”ཞེས་པའི་རྒྱང་ལྟ་བརྙན་ལམ་ལྟ་ཞིབ་ཚད་འཇལ་དོ་དམ་མ་ལག་ལ་ལྟ་ཞིབ་ཚད་འཇལ་ས་ཚིགས76ཡོད་པས་གཙོད་ཁྱུའི་འཚོ་བར་གནོད་པ་མ་སྐྱེལ་བའི་གནས་ཚུལ་འོག་ཏུ་དུས་ལྟར་གཙོད་ཁྱུའི་འགུལ་སྐྱོད་གནས་ཚུལ་རྟོགས་ཐུབ།
             “མིག་སྔར། མི་ཐབས་རིག་སྟོབས་བརྙན་ལམ་དབྱེ་ཞིབ་རྩིས་ཐབས་ཀྱིས་ལོ་རྒྱུས་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ང་ཚོས་གནས་སྤོར་གཙོད་ཁྱུའི་གྲངས་འབོར་རྒྱུས་ལོན་བྱེད་ཐུབ”ཅེས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཆ་འཕྲིན་ལྟེ་གནས་ལས་དོན་མི་སྣ་ཁྲེང་ལིང་པའོ་ཡིས་དེ་ལྟར་ངོ་སྤྲོད་བྱས། མཚོ་སྔོན་གྱི“སྐྱེ་ཁམས་སྒེའུ་ཁུངས”ཀྱིས་གཙོད་ཁྱུའི་སྲུང་སྐྱོང་ཐད་གཞི་གྲངས་ཞིབ་ཕྲ་མཁོ་འདོན་བྱས་ཡོད་ཅེས་བརྗོད།
             “རྒྱང་རིང་ནས་ལྟ་ཞིབ་ཚད་འཇལ་བྱས་ན་སྐོར་ཞིབ་རུ་མིས་གནད་ཁེལ་གྱིས་རྗེས་སུ་ལུས་པ་དང་རྨས་སྐྱོན་ཐེབས་པའི་གཙོད་ཁྱུ་ལ་རོགས་སྐྱོབ་བྱེད་མ་ཐུབ་པ་མ་ཟད། དེ་དག་གཙོད་ཕྲུག་སྐྱོབ་ས་ཁྱེར་ཡོང་ནས་བདག་སྐྱོང་བྱེད་ཐུབ་པ་རེད”ཅེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་མགོ་དཔོན་ལྷུན་འགྲུབ་ཀྱིས་དེ་ལྟར་བརྗོད། 

རྩོམ་སྒྲིག་པ། རིག་གྲོལ།