【སྒྲིག་པ་པོའི་མཆན།】བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་མཚམས་འདིར། ང་ཚོ་མཉམ་དུ་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་ཁྱིམ་དུ་བསྐྱོད་ནས། ཁོང་ཚོའི་ཁྱིམ་དུ་ཉར་བའི་འདྲ་པར་རྒྱབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་ཞིག་བྱེད།
བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་རྩ་རངས་གྲོང་ཚོའི་ཚེ་རིང་མཚོ་མོས་རང་གི་གཏམ་རྒྱུད་བརྗོད་པ་གཤམ་ལྟར།
ཕུག་པའི་ནང་གི་བྱིས་དུས་ཀྱི་འཚོ་བ།
ང་ནི1955ལོར་སྐྱེས་པ་ཡིན། ཆུང་ངུའི་དུས་སུ་ངེད་ཚང་རྩ་རངས་རྙིང་པ་རུ་ཡོད་པ་དང་། ཆུང་དུས་འདུག་ས་ཕུག་པ་རེད། ང་ལོ་ཉི་ཤུར་སླེབས་པའི་བར་དེར་བསྡད་པ་ཡིན།
བོད་ལྗོངས་བཅིངས་འགྲོལ་མ་བཏང་གོང་། ཕ་མ་གཉིས་ཁྲལ་ལ་འགྲོ་དགོས་པ་དང་། ཁྲལ་ལ་སོང་ཤུལ་དུ་ཕྲུ་གུ་ཆེ་བ་ཚོས་ཆུང་བ་དག་ལ་ལྟ་དགོས། ངེད་ཚང་ལ་ཕྲུ་གུ་དགུ་སྐྱེས་པ་ལས་གསུམ་མ་འཚམས།
བཅིངས་འགྲོལ་མ་བཏང་གོང་ལ། ངེད་ཀྱི་ལུང་པར་ཁྱིམ་ཚང་ཕལ་ཆེ་བ་ཕུག་པར་སྡོད་ཀྱིན་ཡོད་པ་དང་། སྐབས་དེར་ངེད་ཚང་ལ་ཕུག་པ་གཉིས་ཡོད། ཕུག་པའི་ནང་དུ་ཚོམས་ཆེན་པོ་རེ་ཡོད་པ་དང་ཕུགས་སུ་མཛོད་ཁང་ཆུང་ཆུང་རེའང་ཡོད། ཐབ་ཀའི་མེ་ཡིས་བསྲེགས་ཉེན་ཆེ་བས་ཕུག་པའི་ནང་དུ་སྡོད་རིང་དུ་ཕྲུ་གུ་ཚོར་གཟབ་གཟབ་བྱེད་དགོས།
ངའི་ཨ་ཕ་མའོ་ཀྲུའུ་ཞིར་མཇལ་མྱོང་ཡོད།
བཅིངས་འགྲོལ་བཏང་རྗེས་སུ། ངའི་ཨ་ཕས་ཞང་ཀྲང་གི་འགན་ཁུར་བས་ངེད་ཚང་ནས་རྟག་པར་ཚོགས་འདུ་མང་པོ་འཚོག་གི་རེད།
1963ལོར་ངའི་ཨ་ཕ་གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་དང་མཉམ་དུ་པེ་ཅིང་ལ་ཚོགས་འདུར་སོང་བར་མ་ཟད། མའོ་ཀྲུའུ་ཞིར་ཡང་མཇལ་མྱོང་བ་རེད།
1969ལོར། ང་ཚོའི་འདིར་མི་དམངས་ཀུང་ཧྲེ་བཙུགས་བྱུང་ལ། ང་ཚོའི་འཚོ་བར་ཡང་རིམ་གྱིས་འགྱུར་ལྡོག་བྱུང་སོང་། ངས་ཕྱུགས་ཟོག་འཚོ་སྐྱོང་དང་ཞིང་ལས་བྱེད་པ་ལས་གཞན་སློབ་གྲྭར་འགྲོ་མགོ་ཚུགས། 1972ལོ་ནས་བཟུང་སྟེ་ངས་སྨན་སྦྱོང་མགོ་བརྩམས་ཤིང་། 1985ལོར་རུ་ཁག་གི་སྨན་པ་བྱས་པ་དང་། ཕྱིས་སུ་ཡང་གྲོང་ཚོའི་སྨན་པ་བྱས་པ་ཡིན། དུས་དེ་ནས་བཟུང་སྟེ2024ལོའི་ཟླ7པའི་བར་དུ་སྨན་པ་བྱས་ནས་བསྡད་པ་ཡིན།
རྐང་རྗེན་སྨན་པར་གྱུར་པ།
གྲོང་ཚོའི་སྨན་པར་གྱུར་མ་ཐག་འཚོ་བ་ཧ་ཅང་སྐྱོ་པོ་འདུག སྨན་པའི་ཞོར་དུ་ཞིང་ལས་བྱེད་དགོས་ལ་འབྲོག་ལས་ཀྱང་བྱེད་དགོས། དུས་ཚོད་མེད་པར་ཐབས་ཟད་དུས་སུ་སྤུན་ཡ་ཚོས་སེམས་ཅན་ལ་ལྟ་རོགས་བྱེད། སྐབས་རེར་ཞང་ཐག་རིང་ཤོས་རེ་ལའང་འགྲོ་དགོས་ཚེ། བྱིས་པ་རྒྱབ་ཏུ་ཁུར་ནས་འགྲོ་དགོས། སྨན་བཅོས་ལ་རྟ་བཞོན་ནས་འགྲོ་དགོས་ལ། མཚན་མོ་ཡིན་ཡང་སྨན་བཅོས་བྱེད་དུ་འགྲོ་དགོས་བྱུང་ན་རྟ་བཞོན་ནས་འགྲོ་དགོས།
སྐབས་དེར་གྲོང་ཚོའི་ནང་གཞུང་གི་ཁང་པ་གཅིག་མ་གཏོགས་མེད་པས། ཆེད་དམིགས་ཀྱི་སྨན་བཅོས་ཁང་ཞིག་གང་ན་ཡོད། གྲོང་ཚོར་སྨན་པ་ང་རང་གཅིག་པུ་ལས་མེད་པས། ཕྱི་ཁབ་རྒྱག་ན་ང་རང་གཅིག་པུ་རེད། ཁབ་ཆེན་རྒྱག་ན་ང་རང་གཅིག་པུ་རེད། སྐམ་ཁབ་རྒྱག་ནའང་ང་རང་གཅིག་པུ་རེད། བུད་མེད་ལ་ཕྲུ་གུ་སྐྱེ་ནའང་ང་རང་གཅིག་པུ་རེད། རྐང་རྗེན་སྨན་པ་ཟེར་བ་དེ་རང་རེད། ང་ཚོ་གྲོང་ཚོའི་ཕྲུ་གུ་མང་པོ་ཞིག་ངེད་ཚང་གི་ས་ཕག་གི་ཁང་པ་འདིའི་ནང་སྐྱེས་པ་ཡིན། སྦྲུམ་མ་མང་པོར་ཕྲུ་གུ་སྐྱེ་བར་སྨན་བཅོས་བྱེད་དུ་སོང་ན་གནས་ཚུལ་མང་པོར་འཕྲད་དེ། མཚམས་རེར་སྦྲུམ་མར་ཁྲག་མང་པོ་ཐོན་པ་དང་། མཚམས་རེར་ཕྲུ་གུ་སྐྱེས་ཀྱང་སྐད་མེད་པ། མཚམས་རེར་ཕྲུ་གུར་ཚ་རྒྱག་པ། མཚམས་རེར་སྣ་ཁྲག་ཐོན་པ་སོགས་གནས་ཚུལ་མང་པོ་འབྱུང་སྲིད། རང་ཉིད་སྨན་པ་ཡིན་པས་སྐབས་བསྟུན་གྱིས་སྨན་བཅོས་བྱེད་དགོས། ཐེངས་ཞིག་ལ། སྦྲུམ་མ་ཞིག་ལ་ཕྲུ་གུ་སྐྱེ་སྐབས་སུ་ཤ་མ་མ་ཕྱུང་བར་ཁྲག་མང་པོ་ཐོན་ཏེ་སྲོག་ཉེན་ལ་ཐུག ངས་ཐབས་བརྒྱ་ཇུས་སྟོང་གིས་ཤ་མ་བཏོན་པར་མ་ཟད་ཁབ་བརྒྱབ་སྟེ་དྲག་སྐྱེད་བྱུང་། ངའི་མི་ཚེའི་ནང་དུ་གནས་ཚུལ་འདི་འདྲར་ཐེངས་མང་པོར་ཕྲད་མྱོང་ཡོད།
ཁྱིམ་གྱི་འདྲ་པར་ལ་ལྟ་ཞོར། འདས་ཟིན་པའི་གནས་ཚུལ་མང་པོ་ཞིག་ག་ལེར་དྲན་ཡོང་།
པར་འདི་ནི་ངེད་ཚང་གི་ཁང་པ་རྙིང་པའི་ཐབ་ཚང་ནང་རེད། ཕལ་ཆེར་བརྒྱད་ཅུ་གྱ་གྲངས་སམ་དགུ་བཅུའི་ནང་ཞིག་རེད། སྐབས་དེར་ཐབ་ཏུ་གཙོ་བོ་རིལ་མ་དང་ལྕི་བ། བུད་ཤིང་སོགས་སྤྱོད་ཀྱིན་ཡོད། ཐབ་ཀ་སོ་སོས་བཟོ་དགོས་པ་དང་། དཀར་ཁུང་ཡང་བཟོ་དགོས། ཐབ་ས་དེ་ག་ས་ག་ནས་ལེན་རྒྱུ་མེད་དེ། ས་དམར་པོ་ཡག་པོ་ཡོད་ལ། སྲ་མོ་ཡང་ཡིན། ནས་བརྔོ་ས་ཡང་འདི་རེད། བརྔོས་ཚར་ཏེ་ཆུ་འཐག་བྱེད་དགོས། ཕ་མ་གཉིས་ངའི་ཁྱིམ་དུ་གཉོར་སྐྱོང་བྱས་པ་དང་། ང་རང་སྨན་པ་བྱེད་དུ་འགྲོ་དགོས་པས་སེམས་ཅན་དག་ཀྱང་མིང་སྲིང་དག་འབྲོག་ཏུ་ཡོད་པ་ཚོར་བཅོལ་བས་ལྕི་བ་དང་ཤིང་ཆ་སོགས་ཉོ་དགོས་མེད། ང་ཚོ་མིང་སྲིང་དག་ཤིན་ཏུ་འཆམ་པོ་ཡོད་པས་ཕན་ཚུན་རོགས་རམ་བྱེད།

པར་འདི་ནི་ཁང་རྙིང་གི་སྒོ་ཁ་རེད། དེ་དུས་ཁང་པ་ཚང་མ་ས་ཕག་གི་ཁང་པ་རེད། ཁང་པ་འདི་ངེད་ཚང་ལ་ཁང་མིག་བཞི་ཡོད་པ་ལས་ཁང་པ་ཆེ་ཤོས་དེ་རེད་ལ། ཕལ་ཆེར1990ལོ་ཡས་མས་སུ་རེད། དེ་དུས་གྱོན་པ་འདི་དམག་མིའི་གྱོན་པ་ཡིན་པར་དྲན། གྱོན་པ་འདི་གྱོན་ཏེ་རྟ་བཞོན་ནས་སྨན་རྩྭའང་ཐེངས་མང་པོར་འཐུ་རུ་འགྲོ་མྱོང་། མི་དམངས་ཀུང་ཧྲེའི་སྐབས་སུ་ངེད་ཚོ་ཙུའུ་སྐོར་བརྒྱད་ཡོད། དེ་དུས་སྨན་རྩྭ་བཏུས་ཏེ་སྐར་མ་གསོག་དགོས་པ་དང་། མཚམས་རེར་ལྷ་སའི་སྨན་རྩིས་ཁང་གི་རྒན་ལགས་དག་རྩྭ་མདའ་རུ་ཡོང་སྲིད། དེ་དུས་ང་ཚོས་ཀྱང་རོགས་པ་བྱས་ཏེ་སྨན་འཐུ་རུ་འགྲོ་དགོས། བྱ་རྒོད་སུག་པ་དང་། ཧོང་ལེན་དང་། ཏིག་ཏ་སོགས་མང་པོ་ཡོད། པར་འདི་རྒྱག་དུས་སུ་ཕྲུ་གུའི་རྐང་ཤུབས་དང་གོས་རེ་འགའ་ང་རང་གིས་བསླས་པ་རེད། འོན་ཀྱང་གྱོན་པ་ཡག་པོ་ཉོ་དགོས་ན་མངའ་རིས་སུ་སོང་ནས་ཉོ་དགོས། སྐབས་དེར་ངའི་ཁྱོ་གས་རླངས་འཁོར་གཏོང་བཞིན་ཡོད་པས་ངེད་ཚང་གི་ཆ་རྐྱེན་ཅུང་ཙམ་ཡག་པོ་ཡོད་ཀྱང་། གྲོང་པའི་ནང་གི་འཚོ་བ་ཆེས་ཡག་ཤོས་མ་རེད།

ལོ་རབས་དགུ་བཅུ་པའི་ནང་ནས་བཟུང་སྟེ་ང་ཚོའི་ལུང་པར་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་། གྲོང་མི་ཚོ་མ་ཟད་ད་དུང་ཡུལ་སྐོར་བ་ཚོར་ལུས་པོ་མི་བདེ་བ་བྱུང་ཚེ་སྨན་བཅོས་བྱེད་དགོས། ཕལ་ཆེར1995ལོ་ཡས་མས་སུ་ནང་ལོགས་ཀྱི་མི་ཞིག་གིས་ང་ཚོའི་གྲོང་ཚོར་རོགས་སྐྱོར་བྱས་ཏེ་སློབ་ཁང་བརྒྱབ་བྱུང་ལ། ཕྱི་ལོར་སྦྱིན་བདག་ཁོང་ཡང་ཡུལ་དངོས་སུ་བལྟ་བར་ཕེབས་བྱུང་། དེ་དུས་ཁོང་ལ་ཆམ་པ་ཕོག་སྟེ་ལུ་ཡི་འདུག་པས་ངས་ཁོང་ལ་རྩ་བརྟགས་ནས་སྨན་སྤྲད་པ་ཡིན། དེ་དུས་ངས་ཀྱང་རྒྱ་སྐད་ཅུང་ཙམ་ཤེས་པས་ཕན་ཚུན་ལ་བརྡ་འཕྲོད་ཙམ་བྱུང་། གྲོང་ཚོའི་སློབ་གྲྭར་འདྲ་པར་ནང་གི་དགེ་རྒན་རྩི་ཞྭ་ཅན་ཁོང་དང་ད་དུང་དགེ་རྒན་ཞིག་བཅས་དགེ་རྒན་གཉིས་ཡོད།

པར་འདི1997ལོ་ཡས་མས་སུ་ངའི་བུ་མོ་འབྲིང་བ་དང་ངེད་གཉིས་ཁང་པ་རྙིང་པའི་མདུན་དུ་བརྒྱབ་པ་རེད། ངའི་བུ་མོ་ནི1989ལོར་སྐྱེས་པ་དང་ད་ལྟ་གྲོང་ཚོའི་ཀྲུའུ་རེན་ཡིན། པར་འདི་ནི་ངེད་ཚང་ལ་པར་ཆས་ཤིག་ཡོད་པ་དེས་པར་བརྒྱབ་པ་རེད། དེ་དུས་ཀྱང་པར་ཆས་ཡོད་ས་མང་པོ་མི་འདུག ངའི་ཁྱོ་གས་རླངས་འཁོར་གཏོང་གི་ཡོད་པས་ཅ་ལག་གསར་པ་རག་གིན་འདུག ངས་བཏགས་པའི་རྣ་ལོང་ལ་རྣ་གཡུ་ཟེར་ཞིང་། དེ་ང་ཚོ་ས་གནས་འདིའི་བུད་མེད་ཚོའི་རྒྱན་ཆ་རེད། རྐེད་ལ་དཀྲིས་པ་འདི་ལ་དུང་གི་ཆབ་མ་ཟེར། ང་རང་ལོ་ཉི་ཤུ་ལྷག་ཡིན་དུས་བཟོས་པ་དང་ད་ལྟའང་རྐེད་ལ་དཀྲིས་པ་འདི་རེད། སྟེང་དུ་དུང་མང་པོ་ཡོད། ཁང་པ་འདི་མ་བརྒྱབ་གོང་ས་གཞན་ནས་སྤོས་ཡོང་བ་རེད། ངའི་ཨ་མ་མཁར་རྩེ་ནས་ཡིན་པས་སྔོན་ང་ཚོ་སྡོད་ས་ཕུག་པ་རེད། ཁང་པ་འདིའི་རྗེས་སུ་ངེད་ཚང་གིས་ཁང་པ་གཉིས་བརྒྱབ་བྱུང་།

ང་དང་བུ་མོ་འབྲིང་པ་གཉིས་ཀྱི་པར་རེད། འདི་ནི་པར་སྔོན་མའི་ནང་གི་ཁང་པ་དེ་བཤིག་སྟེ་གསར་དུ་བརྒྱབ་པ་རེད། ཁང་པ་སྔོན་མ་ལས་ཆེ་བ་དང་རྒྱུ་སྤུས་ཀྱང་ཡག་པོ་ཡོད། དེ་དུས་ཆ་རྐྱེན་ཡང་ཇེ་ལེགས་སུ་ཆགས་ཡོད། འདི་ནི་ལོ་གསར་གྱི་སྐབས་སུ་རེད། བུ་མོས་ང་ལ་ཀོ་ཕིས་(果啤)ལྡུག་ཁུལ་བྱེད་ཀྱིན་ཡོད། ཧ་ཧ་ཧ། ལོ་གསར་གྱི་སྐབས་སུ་གྲོ་སོ་ཕྱེ་མར་གཉིས་རེ་ཡོད། ཆེ་བ་དེ་མཐོ་སར་འཇོག་པ་དང་གཅིག་མགྲོན་པོ་ཕེབས་དུས་མཆོད་དུ་འཇུག་དགོས། སྒྲ་སྡུད་འཕྲུལ་འཁོར་དེའང་རྙིང་པ་ཞིག་རེད། ང་རང་གསར་འགྱུར་ལ་ཉན་པར་དགའ་པོ་ཡོད་པས་སྒྲ་སྡུད་འཕྲུལ་འཁོར་འདི་ལས་ཀྲུང་དབྱང་གསར་འགྱུར་མང་པོར་ཉན་མྱོང་ཡོད། འདི་དུས་སུ་ང་ཚོའི་གྲོང་ཚོའི་ནང་དུ་གློག་འཐེན་ཡོད་པ་དང་ཆུ་ཡང་འཐེན་ཡོད་ལ། ཁྱིམ་ཚང་སོ་སོའི་སྒོ་རའི་ནང་དུ་རང་འབབ་ཆུ་བེད་སྤྱོད་རྒྱུ་ཡོད། རྩྭ་མདའ་རྫོང་དུ་གློག་འདོན་ས་ཚིགས་ཡོད་རེད། 2015ལོར་གཞུང་གིས་སྨན་ཁང་དུ་ཁང་པ་གསར་པ་ཞིག་ཀྱང་བརྒྱབ་སོང་།
པར་འདི་ནི2005ལོར་ཁྱོ་ག་དང་བུ་མོ་ཆེ་བ་དང་བུ་མོ་ཆུང་བ་བཅས་དང་མཉམ་དུ་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བརྒྱབ་པ་རེད། སྐབས་དེར་བུ་མོ་ཆུང་བ་ན་བཞིན་ཡོད་པས་སྨན་པར་སྟོན་དུ་སོང་ཞིང་། དེ་དུས་ང་ལོ་ལྔ་བཅུ་རེད།
པར་འདི་གསུམ་པོ་ཕལ་ཆེར་དུས་སྐབས་གཅིག་ལ་བརྒྱབ་པ་རེད། ཁང་པ་འདི2005ལོར་གསར་དུ་བརྒྱབ་པ་རེད། སྔོན་གྱི་ཁང་པ་ལས་ཡག་པ་ཡོད།
དེ་དུས་ངེད་ཚང་གིས་ཁྱིམ་ཚང་ནང་དུ་མགྲོན་ཁང་ཕྱེ་ནས་ཡུལ་སྐོར་པ་སྣེ་ལེན་བྱེད་ཀྱིན་ཡོད། མགྲོན་ཁང་ཐོག་མར་སྒོ་འབྱེད་དུས་ནི་ཕལ་ཆེར2008ཡར་མར་ཞིག་རེད། དང་ཐོག་ཁང་མིག5ཙམ་ཡོད། ང་ཚོས་གོང་རིམ་ལ་སྙན་སེང་ཞུས་པས་ཡུལ་སྐོར་ཅུས་ནས་ང་ཚོར་ཁྱིམ་ཚང་མགྲོན་ཁང་འབྱེད་པར་རོགས་སྐྱོར་བྱས་བྱུང་། ཐོག་མར་ཁྱིམ་ཚང་8ཙམ་ཞུགས་པ་དང་། ད་ལྟ་ཁྱིམ་ཚང30ལྷག་ཞུགས་ཡོད། དེ་དུས་རྩྭ་མདའ་རུ་མགྲོན་ཁང་མང་པོ་མེད་པས་ང་ཚོའི་གྲོང་པར་ཚོང་ཡག་པོ་འདུག ཁང་པ་རེར་ཞག་མ་རེར་སྒོར100ཡས་མས་དང་། སློབ་མའམ་ཡང་ལོ་ཆུང་རེ་ཡོང་ཚེ་ཁོ་ཚོར་ཡོང་འབབ་མེད་པས་གོང་བཅག་ཟེར་བ་དང་མི་རེར་སྒོར20དང30ཡར་མར་བླངས་པ་རེད།
པར་འདི་ཕལ་ཆེར2006ལོར་བརྒྱབ་པ་རེད། ཁང་པ་འདིའང་པར་སྔོན་མ་དང་གཅིག་པ་རེད། སྒམ་འདི་དག་ཀྱང་སྔ་མའི་ནང་གི་དེ་རེད། བུ་མོ་ཆུང་བ་འདིའང་ཉེ་སའི་ཕྲུ་གུ་རེད། རྣ་ནང་དུ་གླུ་ལ་ཉན་བྱེད་ཆ་གཅིག་དྲངས་འདུག འདི་ང་རང་གི་མ་རེད། ཕལ་ཆེར་བུ་མོའི་ཡིན་པ་འདྲ། རྣ་ནང་དུ་དྲངས་ཏེ་རྩེད་མོའི་ཚུལ་དུ་པར་བརྒྱབ་པ་རེད། པར་འདི་རྒྱག་མཁན་ནི་ཡུལ་སྐོར་དུ་ཡོང་བའི་མགྲོན་པོ་ཞིག་ཡིན་པ་འདྲ། སྒམ་གྱི་ཐོག་ཏུ་བཞག་པའི་གཡག་མགོ་དང་ལུག་མགོ་གཉིས་ནི་གཡང་རྟེན་རེད།
2015ལོར་གཞུང་གིས་སྨན་ཁང་བརྒྱབ་བྱུང་། པར་འདི་སྨན་ཁང་གི་ནང་དུ་བརྒྱབ་པ་ཡིན། ཁང་པ་དེའང་བོད་སྐྱོར་རྣམ་གྲངས་ནས་རོགས་པ་བྱས་ཏེ་བརྒྱབ་པ་རེད།
པར་འདི2010ལོར་པེ་ཅིང་དུ་སོང་དུས་སུ་བརྒྱབ་པ་རེད། པེ་ཅིང་ལ་རྒྱལ་ཡོངས་ཞིང་གྲོང་སྨན་པ་ཕུལ་བྱུང་གི་བྱ་དགའ་ལེན་དུ་སོང་། མ་གཞི་སྐབས་དེར་གངས་ཆེན་པོ་ཆགས་ཏེ་ལམ་ཡང་འགག་གིན་འདུག་པ་དང་འགྲོ་བདེ་པོ་མེད་པས་ང་རང་འགྲོ་གི་མིན་ཞེས་བཤད་ཀྱང་རྫོང་གིས་ངེས་པར་འགྲོ་དགོས་ཟེར། རྩྭ་མདའ་རྫོང་ནས་འགྲོ་རོགས་གཅིག་ཀྱང་བཏང་སོང་། རླངས་འཁོར་ཏུ་བསྡད་དེ་ལྷ་ས་བར་སོང་བ་དང་། དེ་ནས་གནམ་གྲུར་བསྡད་དེ་ཁྲུང་ཆིང་དང་། ཁྲུང་ཆིན་ནས་ཡང་པེ་ཅིང་དུ་སོང་བ་རེད། ཐེངས་འདི་ནི་ང་རང་གནམ་གྲུར་འདུག་ཐེངས་དང་པོ་རེད། དང་ཐོག་དངངས་སྐྲག་ཅུང་ཙམ་བྱུང་ཡང་། ཡང་བསམ་བློ་ཞིག་བཏང་ན་མི་ཚང་མ་སོང་ན་སྐྱོན་མི་འདུག་པས་ང་རང་ལ་ཡང་སྐྱོན་ཡོ་རྒྱུ་མ་རེད་བསམས་བྱུང་། བྱ་དགའ་སྤྲོད་ས་དེ་འཕྲོད་བསྟེན་པུའུ་ཡི་ནང་དུ་རེད། བྱ་དགའ་བླངས་རྗེས་སུ་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེ་དང་གོང་མའི་ཕོ་བྲང་། བྱ་ཚང་དང་ཆུ་རྐྱལ་བྱེད་ས་སོགས་སུ་ལྟ་སྐོར་དུ་སོང་། དངོས་ནས་སྐྱིད་པོ་བྱུང་།

འདི་ངའི་བུ་མོ་ཆེ་བ་དང་འབྲིང་བ་གཉིས་ཀྱི་མཉམ་པར་རེད། བུ་མོ་གསུམ་ལས་བུ་མོ་འབྲིང་བའི་གཟུགས་པོ་ཆེན་པོ་ཡོད། བུ་མོ་ཆུང་བའི་གཟུགས་པོ་ང་དང་འདྲ་བར་ཆུང་ཆུང་ཞིག་ཡིན། པར་འདི་ཡུལ་སྐོར་པ་ཚོས་པར་བརྒྱབ་པ་རེད། ཁོ་ཚོ་ངེད་ཚང་གི་མགྲོན་ཁང་དུ་བསྡད་དེ་ང་ཚོ་ལ་པར་བརྒྱབ་པ་དང་། ཕྱིར་ལོག་རྗེས་སུ་པར་དག་བཀྲུས་ཏེ་བཏང་ཡོང་གིན་འདུག
པར་འདི་ཡང2005ལོའི་ལོ་གསར་སྐབས་སུ་བརྒྱབ་པ་ཞིག་རེད། གཅིག་ནི་ངའི་བུ་མོ་དང་གཅིག་ནི་ཉེ་སའི་བུ་མོ་རེད། སྒྲ་སྒམ་ཆེན་པོ་དེ་ཡང་ཁྱོ་གས་ཉོས་པ་རེད།
པར་འདི་ནི་ངའི་བུ་ནང་སར་སློབ་གྲྭར་འགྲོ་དུས་རེད། མཐོ་འབྲིང་འགྲོ་ས་གྲོང་ཁྱེར་ཝུའུ་ཧན་རེད་ལ་དེར་ལོ་བཞི་ལ་བསྡད་པ་རེད། སྐབས་དེར་བུ་མོ་ཆུང་བ་ཡང་ཝུའུ་ཧན་དུ་སློབ་གྲྭར་འགྲོ་གི་ཡོད། ཁོ་གཉིས་སློབ་སྦྱོང་ལ་ཡག་པོ་ཡོད། རྩྭ་མདའ་ནས་ལྷ་ས་དང་ལྷ་ས་ནས་མེ་འཁོར་དུ་བསྡད་དེ་འགྲོ་དགོས། སྔོན་ཆད་ངའི་ཕ་ལགས་པེ་ཅིང་དུ་འགྲོ་བ་དང་སྡུར་ན་སྟབས་ཤིན་ཏུ་བདེ་པོ་ཡོད། ཕྲུ་གུ་བཞི་ལས་བུ་མོ་ཆེ་བ་ཕུད་གཞན་གསུམ་པོ་སློབ་ཆེན་སློབ་མ་ཡིན།
པར་འདི་ནི་ཁྱོ་ག་དང་བུ་མོ་འབྲིང་བ་དང་བུ། གྲོང་ཚོའི་ནང་གི་མི་གཉིས་བཅས་ཀྱི་མཉམ་པར་རེད། མངའ་རིས་ས་ཁུལ་གྱི་པར་ཁང་ཞིག་ཏུ་བརྒྱབ་པ་རེད།
ཁང་པ་འདི་ངེད་ཚང་གི་ཁང་པ་གསུམ་པ་སྟེ2018ལོར་གསར་དུ་བརྒྱབ་པ་རེད། པར་འདི་ཕལ་ཆེར2017ལོར་བརྒྱབ་པ་དང་། བུ་མོ་ཆེ་བ་དང་འབྲིང་བ་གཉིས་རེད། བུ་མོ་ཆེ་བ་ལོ་རིམ་གསུམ་པ་བར་དུ་མ་གཏོགས་འགྲོ་ཐུབ་མ་སོང་། དེ་ནས་འབྲོག་ཏུ་བསྡད་པ་ཡིན། ཕྱིས་སུ་གནས་ལ་སོང་བ་དང་། ཕྲུ་གུ་ཡང་ད་ལྟ་ལོ་བཅོ་བརྒྱད་ལ་སླེབས་ཡོད་ཅིང་། ད་ལྟ་ཉིང་ཁྲིར་སློབ་གྲྭར་འགྲོ་གི་ཡོད། ལོ་རྗེས་མར་མཐོ་རྒྱུགས་བཏང་སྟེ་སློབ་ཆེན་དུ་འགྲོ་དགོས།
གུང་ཁྲན་ཏང་གི་བཀའ་དྲིན་ལ་དེང་སྐབས་ཟ་ཡ་འདུག འཐུང་ཡ་འདུག ཆུ་དང་གློག་ཀྱང་དུས་ཚོད་ཉེར་བཞི་ལ་འདུག མཐའ་མཚམས་ཀྱི་ཁ་གསབ་ནི་ཡོད། རྒན་ཡོལ་ལ་ཡང་དངུལ་ཡོད། ན་ཚ་བྱུང་ཡང་སྨན་བཅོས་བྱེད་ས་འདུག ད་ནི་གུང་ཁྲན་ཏང་གི་སྐུ་དྲིན་ལ་བརྟེན་ནས་འཚོ་བ་ཧ་ཅང་སྐྱིད་པོ་རེད།