ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ནུབ་རྒྱུད་ཀྱི་མུ་ཏིག”སྔར་བས་བཀྲག་མདངས་འཚེར།

སྤེལ་དུས 2025-11-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱིར་མིག་ལྟ་བ།
  
   མངའ་རིས་ས་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་བྱུང་བ་དང་བསྟུན་ནས་དམངས་འཚོའི་འགན་སྲུང་ཁག་རྒྱུན་མཐུད་བརྟན་པོ་བྱུང་སྟེ་མང་ཚོགས་ཀྱི་སྐྱིད་སྣང་ཉིན་བཞིན་ཆེ་རུ་འགྲོ་བ།
  2021ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འགོ་ཚུགས་ཀྱི་ལོ་ཡིན། མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་77.65ལེགས་གྲུབ་ཟིན་ཏེ་འགོ་ཚུགས་མ་ཐག་ནས་མི་སེམས་ལ་སྐུལ་མ་ཐེབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་2024ལོར། མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་105.85ཟིན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་རེར་ཆ་སྙོམས་5.8%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པས་འཕེལ་རྒྱས་ཀྱིས་མི་རྣམས་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད།
  “ལོ་ལྔ་ཚན་བཅུ་བཞི་པ”དང“ལོ་ལྔ་ཚན་བཅོ་ལྔ་པའི”སྣོལ་མཚམས་སུ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་གངས་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”གིས་རྒྱུགས་ལན་གསར་པ་ཕུལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གནམ་ས་གསར་པ་ཞིག་བཏོད་ཡོད།
  ཐོན་ལས་ཕྱོགས་སྒྱུར་དང་སྤུས་ཚད་མཐོར་གཏོང་ལ་བཀྲག་མདངས་འཚེར་ས་མང་བ།
  སྒེར་རྩེ་རྫོང་རྒོད་མོ་ཤང་སེང་རྡོ་གྲོང་ཚོའི་འབྲོང་རྒྱུད་འབྲི་གཡག་ནི་དེ་གའི“ཁྱད་ལྡན་ཐོན་ཟོག་གསར་པ”ཡིན་པ་དེས་སྲོལ་རྒྱུན་གྱི་འབྲོག་ལས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། ས་གནས་དེ་གས་བྱང་ཐང་དབུས་ཀྱི་འབྲོང་གི་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་གསོས་འབྲི་གཡག་དང་འབྲོང་རང་དགར་རྒྱུད་འདྲེས་བྱེད་དུ་བཅུག་པ་དང་། དེ་ནས་ཚན་ཞིབ་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ་ཚན་ཞིབ་རྣམ་གྲངས་12སྤེལ་བ། རྒྱུད་འདྲེས་ནས་ཕྲ་ཕུང་ཁེ་ལུང་བཟོ་བའི་བར་གྱི་གསོ་ཚགས་དཀའ་གནད་རིམ་པ་བཞིན་བསལ་བ་རེད།
  སེང་རྡོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་ཀྱིས“དེ་སྔོན་གཡག་རེར་སྒོར་8000བྱས་ནས་འཚོང་གི་ཡོད། ད་ཆ་འབྲོང་རྒྱུད་གཡག་འདི་རིགས་ལ་སྒོར་ཁྲི་1.5རག་གི་ཡོད”ཅེས་ཡོང་འབབ་རྩིས་རྒྱག་པ་དང་བཞིན་ལས་འཛུམ་མདངས་འཕྱུར་བཞིན་བཤད། སྲིད་ཇུས་ཀྱི་ཁ་གསབ་ལས་འབྲོག་པའི་སེམས་ལྷོད་དུ་བབས་ཤིང་། རྒྱུད་བཟང་འབྲོང་རྒྱུད་གཡག་རེ་རེར་ཁ་གསབ་སྒོར་4000རག་གི་ཡོད། སྒེར་རྩེ་རྫོང་གིས་འབྲི་གཡག་506ཁྱབ་གདལ་བཏང་བས་དུད་ཚང་156དང་མཉམ་ལས་ཁང་9ལ་ཕན་པ་ཐོབ་ཡོད་པ་རེད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱི“ལུག་གཉིས་དང་གཡག་གཅིག”གི་ཁྱད་ལྡན་ཞིང་འབྲོག་ལས་ལ་བཀྲག་མདངས་འཚེར་ས་མང་ཞིང་། ས་ཁུལ་ཡོངས་ཀྱི་ཕྱུགས་རིགས་བཤས་གཏོང་ཚད་(མགོ་གྲངས)ཁྲི་213ཟིན་པ་དང་། ཞིང་འབྲོག་ཐོན་ཟོག་130ལྷག་ཙམ་ལ“ལྗང་མདོག་ཟས་རིགས”དང“གྲགས་ཅན་དང་ཕུལ་བྱུང་ཐོན་ཟོག”གི་ཁས་ལེན་དཔང་འདོན་རག་ནས་ས་མཐོའི་ཞིང་འབྲོག་ཐོན་ཟོག་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་ལམ་བུར་བསྐྱོད་ཡོད་པ་རེད།
  དུས་མཚུངས་མངའ་རིས་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། གུ་གེ་རིག་གནས་ཤུལ་བཞག་སྤྱི་གླིང་དང་དཔལ་མགོན་མཚེའུ་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་འཛུགས་བཏོད་ཐུབ་པ་དང་། གངས་རིན་པོ་ཆེ——མ་ཕམ་གཡུ་མཚོ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལ་སྐུལ་འདེད་བརྟན་པོ་བཏང་བ། “བོད་ནུབ་ཀྱི་སྦས་ཡུལ། མཁའ་དབྱིངས་ཀྱི་མངའ་རིས”རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱེད་མང་བའི་ས་ཆར་གྱུར་པ། “གླིང་སྣེ་གསུམ་པར་ཡུལ་སྐོར་བྱེད། གནའ་བོའི་ཞང་ཞུང་རིག་གནས་མྱོང་རོལ་སྤྲོ”སོགས་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། “མུན་ལྗོངས་སྤྱི་གླིང”འདི་ཉིད་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་མུན་ལྗོངས་སྲུང་སྐྱོང་གི་ཚད་ཤིང་དང་། སྐར་ཚོགས་ལ་ལྟ་ཡུལ། གནམ་དཔྱད་ཚན་རིག་ཁྱབ་གདལ་གྱི་མཐོ་ས་བཅས་སུ་གྱུར་ཏེ་ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་947.29ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་ཁྱོན་སྒོར་དུང་ཕྱུར་99ཟིན་ཡོད་པ་རེད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་པ་དང་། ཐོན་ལས་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་ལྷག་པར་དུ་2025ལོར“ཐོན་ལས་ཆེན་པོ་དགུ”ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་བཀོད་སྒྲིག་བྱས་ཏེ་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་སོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
  རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།
  ས་བབ་སྨི་4300ཟིན་པའི་སྒར་རྫོང་དུ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚད་ཡོད་ཀུང་སིའི“ཐཱན་མེད”འོད་གསོག་ཚ་གློག་དཔེ་སྟོན་རྣམ་གྲངས་ཁྲོད་ཀྱི་ཀྲའོ་ཝ་50ཡོད་པའི་འོད་དྲོད་རྣམ་གྲངས་དེ་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད་པ་སྟེ། སྒྲོམ་གཞི་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་ཟིན་པ་དང་རླངས་སྒུལ་འཕྲུལ་འཁོར་དང་གློག་འདོན་འཕྲུལ་འཁོར་སོགས་ལྟེ་བའི་སྒྲིག་ཆས་དཔྱང་སྒྲིག་ཡག་པོ་བྱུང་ནས“འོད་དྲོད་དང་། འོད་ཤུགས། གསོག་ནུས”བཅས་ཟུང་དུ་འབྲེལ་བའི་ནུས་རྒྱུའི་སྦྲེལ་མཐུད་བྱེད་འགོ་བརྩམས་ཡོད་པ་རེད།
  རུ་ཐོག་རྫོང་དུ་ཀྲའོ་ཝ་30(ནུས་གསོག་སྒྲིག་སྦྱོར)ཡི་འོད་ཤུགས་གློག་གཏོང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་རྣམ་གྲངས་དེ་2024ལོའི་ཟླ་11པར་དྲ་སྦྲེལ་གློག་གཏོང་བདེ་བླག་བྱུང་བ་དང་འོད་ཤུགས་པང་ལེབ་སྔོན་པོ་ས་བབ་སྨི་4400ཡོད་པའི་ས་མཐོར་རྒྱ་ཆེར་སྤྱོད་པ་ལས་ནུས་རྒྱུའི་གནས་རྟགས་གསར་པ་ཞིག་ཏུ་གྱུར་ཡོད།
  “དེ་སྔོན་གློག་སྤྱོད་སྐབས་ཚང་མ་ས་གནས་འདི་གའི་ཆུ་ཤུགས་གློག་ཁང་ཆུང་གྲས་དང་འོད་ཤུགས་གློག་ཁང་ཆུང་གྲས་ལ་བརྟེན་དགོས་ཀྱི་ཡོད། དགུན་ཁ་གནམ་གཤིས་ཧ་ཅང་ཞན་པའི་སྐབས་གློག་ཆད་སླ་བ་དང་། དེ་སྔ་ཉིན་15ཡི་རིང་གློག་ཆད་པའི་གནས་ཚུལ་ཐོན་ནས་ས་གནས་འདི་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་དེ་བཞིན་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཐེབས་ཡོད”ཅེས་རུ་ཐོག་རྫོང་གི་ཀྲའོ་ཝ་30(ནུས་གསོག་སྒྲིག་སྦྱོར)འོད་ཤུགས་གློག་འདོན་ནུས་རྒྱུ་མཁོ་སྤྲོད་འགན་ལེན་རྣམ་གྲངས་ཀྱི་འཁོར་སྐྱོད་བདག་སྐྱོང་འགན་འཁུར་བ་སུན་ཅི་ཏུང་གིས་བཤད་པ་དང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འདིར་སྔོན་ཐོན་གྱི་དྲ་སྒྲིག་ཅན་གྱི་ནུས་གསོག་ལག་རྩལ་སྤྱད་ཡོད་པས་ལོ་རེར་དྲ་ཐོག་གློག་ཚད་ཆུ་ཚོད་ཆན་ཝ་ཁྲི་5742ཟིན་ནས་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་1.72ཙམ་གྲོན་ཆུང་ཐུབ་ཀྱི་ཡོད།
  མངའ་རིས་ས་ཁུལ་དུ་དགུན་དུས་རིང་བ་དང་གྲང་ངར་ཆེ་ཞིང་། སྔོན་ཆད་འབྲོག་པས་ལྕི་བ་བསྲེགས་ནས་མེ་གཏོང་གི་ཡོད་པས་དུ་བ་མང་བ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལྡན་པ་དང་། གློག་ཤུགས་ཆེན་པོ་མེད་པས་འཁྱགས་སྒམ་དང་གློག་དྲོད་ཡོ་ཆས་སོགས་མཁོ་མེད་དུ་གྱུར་ཡོད། ད་ཆ་སྒར་རྫོང་ནས་རུ་ཐོག་རྫོང་དང་དེ་ནས་སྒེར་རྩེ་རྫོང་བར་འོད་ཤུགས་པང་ལེབ་སྔོན་པོ་མང་པོ་ཞིག་གིས་དེ་གའི་ནུས་རྒྱུའི་གྲུབ་ཆར་འགྱུར་ལྡོག་བཏང་ནས་ས་མཐོའི་ནུས་རྒྱུ་གསར་བརྗེར་སྐུལ་འདེད་ཐེབས་ཏེ་རྩྭ་ཐང་དབུས་ཀྱི་འབྲོག་པ་ཚོར་བརྟན་པོ་དང་བདེ་འཇགས་ལྡན་པའི་གློག་ཤུགས་མཁོ་སྤྲོད་བྱེད་བཞིན་ཡོད། འདི་ལོའི་ཟླ་9པའི་བར་ས་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཆན་ཝ་ཁྲི་39.24ཟིན་ཡོད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་ཞན་ཆར་དམིགས་ནས་ཕྱོགས་བསྡུས་འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་རྒྱུན་ཆད་མེད་པར་མྱུར་ཚད་མགྱོགས་སུ་བཏང་སྟེ། ས་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མངའ་རིས་མི་དམངས་ཀྱི་རེ་འདོད་ཀྱང་ཤུགས་ཆེར་སོང་ཡོད།
  “ནག་ཆུར་དཀའ་སྡུག་ཆེ། མངའ་རིས་རྒྱང་ཐག་རིང”ཞེས་དུས་ཡུན་རིང་པོར་མི་རྣམས་ཀྱིས་མངའ་རིས་ཐག་རིང་བས་དེ་ལྟར་བརྗོད་ཀྱི་ཡོད། ད་ཆ་མངའ་རིས་ས་ཁུལ་གྱི“མཁའ་དབྱིངས་ཀྱི་སྒོ་མོ”གཉིས་པ་བདེ་བླག་དང་བདེ་འཇགས་ངང་སྤྱོད་འགོ་ཚུགས་པ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་དེ་བས་མང་བ་དུས་གཏན་གནམ་གྲུ་བརྒྱུད་མངའ་རིས་ས་ཁུལ་ནས་འགྲོ་འོང་བྱེད་ཀྱི་ཡོད་པས། བོད་ནུབ་ས་མཐོ་དང་མེས་རྒྱལ་ས་གནས་ཁག་དབར་བར་ཐག་ཐུང་དུ་ཆེས་ཆེར་ཕྱིན་ཡོད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཛུགས་སྐྲུན་ལ་མཆོང་སྐྱོད་གསར་པ་བྱུང་ཞིང་། G4218དགུན་ས་གནམ་ཐང་ནས་སེང་གེ་ཁ་འབབ་བར་གྱི་མྱུར་བགྲོད་གཞུང་ལམ་མགྱོགས་མྱུར་བསྐྲུན་པ་དང་། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་མ་ལམ་གྱི“གཞུང་གསུམ་འཕྲེད་གསུམ”གྱི་སྒྲོམ་གཞི་གཙོ་བོ་གཞི་རྩའི་ཆར་བསྐྲུན་ནས་གནམ་ཐང་སྣེ་ཁྲིད་དུ་བྱེད་པ་དང་མ་ལམ་སྒྲོམ་གཞིར་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱ་ཐོག་མར་ཆགས་ནས་མངའ་རིས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱས་ཡོད།
  མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེན་པོ་ལྡན་པ།
  སྒར་རྫོང་བཀྲ་ཤིས་སྒང་གྲོང་རྡལ་དུ་ཤང་གྲོང་འཕྲོད་བསྟེན་ཁང་གསར་པ་བསྐྲུན་ནས་སྤྱོད་འགོ་ཚུགས་པས། ཉེ་འཁོར་མང་ཚོགས་ཀྱི“ནད་ཆུང་བར་བཟོད་བསྲན་བྱེད་པ་དང་ནད་ཆེ་བ་ཕོག་ཚེ་གང་སར་སྨན་པ་བསྟེན་པར་འགྲོ་བའི”དཀའ་གནད་བསལ་བ་རེད།
  བཀྲ་ཤིས་སྒང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་བཅོས་ཁང་དང་། སྨན་རྫས་ཁང་། སྨན་ཁབ་ཁང་སོགས་བྱེད་ནུས་ཁུལ་གྱི་དབྱེ་བ་གསལ་པོ་ཡོད་པ་དང་། Bསྒྲ་རླབས་འཕྲུལ་ཆས་དང་ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་འཕྲུལ་ཆས་སོགས་རྨང་གཞིའི་སྨན་བཅོས་སྒྲིག་ཆས་གང་དགོས་ཅི་འཛོམས་ཡོད་པ། རྒྱུན་སྤྱོད་སྨན་རྫས“བར་ཁེ་མེད་པར”འཚོང་གི་ཡོད་པ་དང་སྨན་རྫས་ཀྱི་རིན་གོང་ཡོངས་བསྒྲགས་ཁ་གསལ་ཡིན་པས། མང་ཚོགས་ཀྱི་སྨན་ཉོ་བའི་ཁུར་པོ་ཡང་དུ་ཆེས་ཆེར་ཕྱིན་ཡོད།
  བཀྲ་ཤིས་སྒང་གྲོང་རྡལ་གྱི་གྲོང་མི་སྐལ་བཟང་ཕུན་ཚོགས་ཀྱིས“དེ་སྔོན་ཆམ་པ་བརྒྱབ་པ་དང་ཚ་བ་རྒྱས་ན་རྫོང་གྲོང་དུ་འགྲོ་དགོས་ཀྱི་ཡོད་མོད། ད་ལྟ་སྒོ་རྩར་སྨན་ཆུ་རྒྱག་པ་དང་སྨན་ལེན་ཐུབ་ལ། ཡོང་རིམ་བཞིན་སྨན་པས་ངང་རྒྱུད་རིང་པོས་སྨན་གཏོང་སྟངས་གསལ་བཤད་རྒྱག་གི་འདུག”ཅེས་བཤད།
  ས་མཐོའི་རྒྱུན་མཐོང་གི་ནད་དང་ཐོན་མང་བའི་ནད་ལ་དམིགས་ནས། འཕྲོད་བསྟེན་ཁང་དེས་དུས་བཀག་ལྟར་སྨན་པ་སྒྲིག་འཛུགས་ཀྱིས་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་སྒར་རྫོང་མི་དམངས་སྨན་ཁང་དང་རྒྱང་བསྟེན་ནད་དཔྱད་བྱེད་སྒོ་སྤེལ་ནས་ནད་པ་གྲོང་རྡལ་ནས་ཐོན་མི་དགོས་པར་སྤུས་ལེགས་ཀྱི་སྨན་བཅོས་བྱེད་ཐུབ་པས“ནད་ཆུང་ཤང་ནས་བཅོས་ཐུབ་པ་དང་ནད་ཆེན་ལ་འགན་སྲུང་ཡོད་པ”དངོས་སུ་མངོན་འགྱུར་བྱུང་ཡོད།
  མངའ་རིས་ས་ཁུལ་གྱིས་དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ནས། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་བརྒྱབ་ཡོད། དེ་ས་ཁུལ་རིམ་པའི་སྨན་བཅོས་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད། མིག་སྔར“ནད་གཞི་ཚབས་ཆེ་བ་དང་འབྲིང་བའི”རིགས་760ས་ཁུལ་དེ་རང་ནས་སྨན་བཅོས་ཐུབ་སྟེ་ས་ཁོངས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་ནུས་ཧ་ཅང་ཆེ་རུ་ཕྱིན་ཡོད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མངའ་རིས་ས་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་ལྷག་པར་དུ་ལོ་རེའི“དམངས་འཚོའི་བྱ་བ་དངོས་བཅུ”མང་ཚོགས་ཀྱི་བསམ་པ་ལྟར་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་གང་ཐུབ་བྱས་ཡོད།
  ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་ཞིང་། འདི་ལོའི་ཟླ་9པ་བར། ས་ཁུལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི་1ལྷག་ཙམ་གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་ཚད་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་ཚད་ཁག་སོ་སོར་90%དང་95%ཡན་རྒྱུན་འཁྱོངས་ཐུབ་ནས་ཁྲིམས་བཀོད་མི་ཚོགས་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། འོས་འགན་སློབ་གསོའི་སློབ་གྲྭ་52གསར་སྐྲུན་དང་སྒྱུར་བཀོད་རྒྱས་སྐྲུན་བྱས་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99.98%ཟིན་པ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་92.91%ཟིན་པ། མཐོ་འབྲིང་དཀྱུས་མ་དང་ལས་རིགས་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་བྱུང་ཡོད།
  འགོ་འཛུགས་ས་གསར་པར། མངའ་རིས་ས་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། གངས་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”གང་མགྱོགས་འཛུགས་སྐྲུན་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་སྒྲིལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ལ་ཚད་གཞི་མཐོ་པོས་ཇུས་འགོད་བྱེད་པ། རྒྱུན་སྲིང་ལག་བསྟར་དང་རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངའ་རིས་ཀྱི་ལེའུ་ཧུར་ཐག་རྩོམ་རྒྱུ་རེད།