འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་ཨ་མདོ་ཡུག་ཁུལ་དམར་ཆུ་ཤང་གི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ཡིན་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་བསྐྲུན་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ལ་བཏོན་པའི་ཐུན་མོང་གི་བླང་བྱ་རེད། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དོན་འཁྱོལ་ནན་ཏན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་བོད་ཀྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་སུ། བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་དུ“‘རི་གཉིས’ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན”ཞེས་པའི་མཚོ་སྔོན་དང་བོད་ལྗོངས་མཉམ་འགུལ་གྱི་གནས་ཚུལ་གཏོང་སྤེལ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་གཙོ་རྐང་དུ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར། སྐྱེ་ཁམས་འབྲོག་ལས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་སྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་དང་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་ཡིན་པས། ཚང་མས་དོ་ཁུར་ཡོད་པ་ཞུ།
“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་ཚེ་སྲོག་འབྱུང་རྩ་དང་མཚོ་བོད་འབྲེལ་མཚམས་ཀྱི་སྐྱེ་ཁམས་གནད་ཆེའི་ཁུལ་ནི་ནག་ཆུ་གྲོང་ཁྱེར་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཀྱི་ས་ཁོངས་སུ་གནས་ཡོད།
འཁྱགས་རོམ་དང་། འདམ་ར། མཚེའུ་བཅས་དེ་གར་མུ་ལ་མུ་འབྲེལ་གྱིས་རང་བྱུང་ཆུ་མཛོད་དུ་ཆགས་ཏེ་སྐྱེ་དངོས་ཡོད་དོ་ཅོག་སྐྱོང་བཞིན་ཡོད་པ་དང་། གསའ་དལ་བུར་བགྲོད་པ་དང་། གཙོད་ཁྱུ་གནས་སྤོ་བ། ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་པ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་60ལྷག་ཙམ་དེ་གར་འཚོ་སྡོད་བྱས་ནས་ཚེ་སྲོག་གི་ཞུམ་མེད་གསོན་ཤུགས་མངོན་པ། འཁྱགས་སྙིང་ལས་གནམ་གཤིས་འགྱུར་ལྡོག་གི་གསང་ཨང་མངོན་པ་དང་ཐུན་མོང་མ་ཡིན་པའི་ས་དབྱིབས་ལས། སའི་གོ་ལའི་འཕེལ་འགྱུར་གྱི་རྗེས་ཤུལ་ཟིན་ཐོར་འཁོད་ཡོད།
ད་ལོ་ནི“རི་གཉིས”ཀྱི་འདུ་ཤེས་བཏོན་ནས་ལོ་ངོ་20འཁོར་ཞིང་། ལོ་20ཡི་རིང་། ནག་ཆུ་གྲོང་ཁྱེར་གྱིས“རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ལ་གནས་ཡོད་ལ། གཏིང་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཐུག་ཡོད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་སྐྲུན་པར་རྒྱུན་མཐུད་སྐུལ་འདེད་བཏང་བས། བྱང་ཐང་ས་མཐོའི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་དང་། རང་བྱུང་ཤུལ་བཞག རང་བྱུང་ཡུལ་ལྗོངས་བཅས་དང་དེ་བཞིན་དེར་གནས་པའི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཀྱི་བྱེད་ནུས། རིག་གནས་ཀྱི་སྣ་མང་རང་བཞིན་བཅས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་གཏོད་གཞུང་ལས་ཁང་གི་ལས་དོན་པ་བཀྲ་ཤིས་དངོས་གྲུབ་ཀྱིས“མིག་སྔར། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ས་ཁོངས་སུ་ལྟ་ཞིབ་ཚད་ལེན་ས་ཚིགས་14བསྐྲུན་པ་དང་ཉི་ནུས་གློག་འདོན་དང་སྲུང་སྐར་བརྒྱུད་གཏོང་ལ་བརྟེན་གྱི་ཡོད་པས། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ཕྲག་ཁ་ཤས་ཟིན་པའི་གྲང་ངར་ཆེ་བའི་དགུན་དུས་སུའང་ཉིན་གང་ལྟ་ཞིབ་ཚད་ལེན་བྱེད་ཐུབ”ཅེས་ངོ་སྤྲོད་བྱས།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ19.07ཡོད་པར་གདང་ལའི་བྱང་རྒྱུད་ས་ཁོངས་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་4.87བཟུང་བ་དང་། ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་དང་། སྦྲ་ཆེན། སྙན་རོང་བཅས་རྫོང་3གྱི་ཤང་གྲོང་13ལ་ཁྱབ་ཡོད་པ་དེས་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི་1/4ཙམ་བཟུང་ཡོད།
བཀྲ་ཤིས་དངོས་གྲུབ་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་། རང་བྱུང་ཐོན་ཁུངས་བརྟག་དཔྱད། “མཁའ་དབྱིངས་དང་། བར་སྣང་། ས་གཞི་བཅས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་9.07བཏང་ནས་རྣམ་གྲངས་50ལྷག་ཙམ་ལག་བསྟར་བྱས་པ་དང་དུས་མཚུངས་འབྲོག་པ་བདག་སྐྱོང་བ་མི་ཐེངས་ཁྲི་2.96ལྷག་ཙམ་ལས་ཀར་བསྡུས་ནས་སྐྱེ་ཁམས་བདག་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་2.8དོན་འཁྱོལ་བྱས་པས། འབྲོག་པར་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཀྱིན་འབབ་འཕར་བྱུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཕན་པ་དངོས་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།
རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་གནད་སྨིན་བྱེད་པ་དང་། རི་ཀླུང་དང་ཆུ་འགོའི་གྲངས་གཞིའི་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱ་ཆེད། ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལྟ་ཞིབ་ཚད་ལེན་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་བཙུགས་པ་དང་འབྲེལ། 2023ལོར“མཁའ་དབྱིངས་དང་། བར་སྣང་། ས་གཞི་བཅས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་ལས་སྟེགས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་ལ“རིག་ལྡན་གནམ་མིག”བསྒར་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་སུ་ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ཕན་ཚུན་རམ་འདེགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།
ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་གྱི་འདེགས་སྐྱོར་འོག གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་སུ་གནད་སྨིན་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་བཟུང་། གདང་ལའི་བྱང་རྒྱུད་ས་ཁོངས་སུ་གཙང་པོ་དང་མཚེའུ། དེ་བཞིན་སྔོ་ཁེབས་མུའུ་5773.52སླར་གསོ་བྱུང་བ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་མུའུ་193678.41དང་། ཉམས་ཞན་དུ་གྱུར་བའི་འདམ་ར་མུའུ་259929.83 དེ་བཞིན་བྱེ་འགྱུར་ས་ཆ་མུའུ་24820.48བཅས་སླར་གསོ་བྱུང་བ། ཨ་བྲའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་ཁྱོན་མུའུ་164207.65ཟིན་པ། འཁྱགས་རོམ་དང་གངས་རི་བཀག་སྡོམ་སྲུང་སྐྱོང་བྱེད་ཁྱོན་མུའུ་500000ཟིན་པ་སོགས་ས་ཁོངས་ཀྱི་ཆུ་རྩ་གསོ་འཁྱོངས་ནུས་པ་དང་སྐྱེ་ཁམས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། རི་སྐྱེས་སྲོག་ཆགས་དེ་བས་མང་བ་གནས་དེར་སྐྱེ་འཕེལ་འཚོ་གནས་བྱེད་བཞིན་ཡོད།
སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་ཀྱིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་གཉིས་ཕན་ལམ་བུ་འཚོལ་ཞིབ་བྱས་ཡོད། “དུད་ཚང་རེར་ལས་གནས་རེའི” སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་བཟོས་པ་བརྒྱུད། འབྲོག་པ་རྩྭ་ཐང་སྤྱོད་མཁན་ནས་སྲུང་མཁན་དུ་གྱུར་ཡོད། ད་ལོ་མི་6102ལ་སྲིད་ཇུས་དེའི་ཁེ་སྤོགས་རག་ནས་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་1.2བྱུང་ཡོད།
ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་ན་ཆེན་མ་གྲོང་ཚོའི་གུང་ཁྲན་ཏང་ཡོན་རྡིག་རྡིག་གིས་སྣེ་ཁྲིད་ནས་སྐྱེ་ཁམས་སྲུང་སྐྱོང་དང་བླངས་རུ་ཁག་བཙུགས་པ་དང་ཟླ་རེར་སྐོར་སྲུང་ཐེངས་གཉིས་སྒྲིག་འཛུགས་བྱས་པར་གྲོང་ཚོ་ཡོངས་ཀྱི་དུད་ཚང་108དེའི་ནང་ཞུགས་ཡོད། “ལོ་འདི་དག་རིང་། ངར་བག་ཆགས་ཟབ་ཤོས་བྱུང་བ་ནི་ཐེངས་ཤིག་སྐོར་སྲུང་བྱེད་སྐབས་ཁྲིམས་དང་མ་མཐུན་པར་རང་བྱུང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་བས། ལམ་སེང་སྙན་སེང་ཞུས་པ་དང་འབྲེལ་བཀག་འགོག་བྱེད་རོགས་བྱས་པ་ཡིན། དུས་དེ་ནས་བཟུང་འདི་གར་དེ་དང་འདྲ་བའི་གནས་ཚུལ་ཐོན་མྱོང་མེད”ཅེས་རྡིག་རྡིག་གིས་དགོད་བཞིན་དུ་བཤད། ཁོང་གིས་ད་ཆ་ཚང་མའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། སྐོར་སྲུང་བྱེད་སྐབས་ཡུལ་སྐོར་བ་འཕྲད་ཚེ་རང་འགུལ་ངང་ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོང་གི་ཤེས་བྱ་འགྲེལ་བཤད་རྒྱག་གི་ཡོད། “ད་ཆའི་རིག་ནུས་ཅན་གྱི་སྐོར་སྲུང་བྱེད་ཐབས་དང་སྐོར་སྲུང་ལས་ཕྱོད་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ང་ཚོས་རྣམ་ཀུན་གྱི་སྐོར་སྲུང་བྱེད་སྐབས་སྒྲུབ་པའི་ལས་ཀ་མང་ཤོས་ནི་ལྷགས་པས་གང་སར་འཁྱེར་བའི་གད་སྙིགས་བསྒྲུགས་པ་དང་མཚམས་རེ་རྨས་སྐྱོན་ཕོག་པའི་འདབ་ཆགས་དང་སྲོག་ཆགས་སྐྱོབ་བཅོས་བྱེད་པ་དེ་ཡིན”ཞེས་བཤད།
ད་ཆའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་སུ་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་བ། འབྲོག་པའི་འཚོ་བ་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཀྱིན་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་འཛུགས་སྐྲུན་ལས་སྐྱེ་ཁམས་བཅོས་སྐྱོང་གི“ཤུགས་རྒྱག་ས”རེ་རེ“སྲུང་སྐྱོང་དྲ་བ”བརྟན་པོ་ཞིག་ཏུ་སྦྲེལ་ནས་ས་མཐོའི་མི་ཚང་མ་སྐྱེ་ཁམས་སྲུང་སྐྱོང་གི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།