འདི་ནི་དབྱང་ཡུང་ལེང་གིས་བོད་རུམ་འཐག་བཞིན་པ།
མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་ཧྲང་ཤིན་ཀྲོང་གྲོང་རྡལ་རྒྱ་ཡག་གྲོང་ཚོའི་སྒོ་ར་ཆུང་ངུར་དབྱང་ཡུང་ལེང་གིས་ཤིང་གི་རྐུབ་སྟེགས་སྟེང་བསྡད་ནས། ལག་པ་གཅིག་གིས་ཇེམ་ཙེ་བཟུང་བ་དང་། ལག་པ་གཅིག་གིས་བལ་གྱི་སྤུན་དོག་བཟུང་སྟེ་བདེ་ལྕག་འཁྱུག་པོའི་བོད་རུམ་འཐག་བཞིན་འདུག
“བོད་རུམ་འདི་བཏགས་རྗེས་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་དུ་ཉར་ཚགས་བྱེད་པར་སྐྱེལ་དགོས”དབྱང་ཡུང་ལེང་གིས་འཐག་བཞིན་པའི་བོད་རུམ་ལ་བྱིལ་བྱིལ་བྱེད་བཞིན་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཁྱིམ་ཚང་དང་གྲོང་ཚོའི་ལག་ཤེས་སྐོར་རིམ་བཞིན་ཤོད་འགོ་ཚུགས།
རྒྱ་ཡག་བོད་རུམ་ནི་མཚོ་སྔོན་སྐུ་འབུམ་གྱི་རྒྱ་ཡག་གྲོང་ཚོ་ནས་དར་བ་རེད། གྲོང་ཚོ་དེ་སྐུ་འབུམ་བྱམས་པ་གླིང་དང་ཐག་ཉེ་པོ་ཡོད། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་སྐབས། སྐུ་འབུམ་དགོན་པ་རྒྱ་ཆེར་བཏང་བ་དང་། དགོན་པའི་དགོས་མཁོ་སྐོང་ཆེད་རྒྱ་ཡག་བོད་རུམ་གྱི་འཐག་ལས་འདི་དར་ཞིང་། དུས་དེ་ནས་བཟུང་ལག་ཤེས་དེ་ད་བར་དུ་རྒྱུན་ཆད་མྱོང་མེད།
ལོ་ངོ་སུམ་བརྒྱ་ལྷག་ཙམ་བརྒྱུད་རྒྱ་ཡག་བོད་རུམ་གྱི་ལག་ཤེས་དབྱང་ཡུང་ལེང་བར་བརྒྱུད་པ་དང་། ཁོང་ནི་མི་རབས་བདུན་པར་སླེབས་ཀྱི་ཡོད། 2006ལོར་རྒྱ་ཡག་བོད་རུམ་གྱི་ལག་ཤེས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད། 2007ལོའི་ཟླ་དྲུག་པར། དབྱང་ཡུང་ལེང་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱ་ཡག་བོད་རུམ་ལག་ཤེས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་ཐོབ།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་ནི་རྒྱ་ཡག་བོད་རུམ་དར་ཆེ་བའི་དུས་སྐབས་ཡིན། དེ་དུས་གྲོང་ཚོར་དུད་ཚང་དྲུག་བརྒྱ་ཙམ་ཡོད་པ་ཕལ་མོ་ཆེས་རྒྱ་ཡག་བོད་རུམ་འཐག་གི་ཡོད། དེ་དུས་དབྱང་ཡུང་ལེང་དང་ཁོང་གི་པ་ཕས་བཏགས་པའི་རི་མོ་ཕལ་ཆེ་བ་ནི་སྲོལ་རྒྱུན་གྱི་བཀྲ་ཤིས་རྟགས་བརྒྱད་ཡིན་པ་དང་། མཁོ་ཆས་གཞན་དག་ཀྱང་འཐག་གི་ཡོད།
དུས་རབས་ལ་འགྱུར་ལྡོག་བྱུང་བ་དང་སྦྲགས་ཡུལ་མིའི་འཚོ་ཐབས་ཀྱི་ལམ་བུའང་མང་དུ་ཕྱིན་ཏེ། འཕྲུལ་ཆས་ཀྱིས་བཏགས་པའི་ཁ་གདན་མང་དུ་སོང་ནས་རྒྱ་ཡག་བོད་རུམ་དེ་ཉིད་སྐབས་ཤིག་རིང་ཉམས་འགོ་ཚུགས། “ཐོག་མར་ངས་ཀྱང་རྒྱུན་འཛིན་ཞེས་པ་ཅི་ལ་ཟེར་བ་མི་ཤེས་པ་དང་། བོད་རུམ་གྱི་ཚོང་ལམ་ཡག་པོ་མེད་སྟབས་ཕྱིར་གླ་པ་རྒྱུག་པར་ཕྱིན་པ་ཡིན། ‘ཁང་པ་མགོ་ལ་གྱོན’ནས་སྡོད་པའི་སྐབས་བཟའ་ཟླ་དང་མཉམ་དུ་ཁ་གདན་གཉིས་བཏགས་པ་ཡིན”ཞེས་ཤོད་བཞིན་དབྱང་ཡུང་ལེང་གིས་ལག་པ་གཉིས་ཀྱིས་རྒྱུ་སྤུན་གཏོང་གིན་མ་ལག་བདེ་པོས་ཐགས་འཐག་བཞིན་ཡོད།
“མེས་པོའི་ལག་ཤེས་འདི་རྒྱུན་འཛིན་མ་ཐུབ་ན། རྒྱ་ཡག་བོད་རུམ་རྦད་དེ་བརླག་རྒྱུ་རེད”ཅེས་སྐུ་འབུམ་ཆུས་ཀྱི་ལས་བྱེད་པ་རྣམས་ཆེད་མངགས་འཚམས་འདྲིར་འོང་སྐབས་གླ་པ་རྒྱུག་པར་འགྲོ་བཞིན་པའི་དབྱང་ཡུང་ལེང་གིས་རང་ཉིད་ཀྱི་ཕྲག་སྟེང་གི་འགན་འཁྲི་ལྕི་པོ་ཚོར་ནས་དེ་ལྟར་བཤད།
“དེང་སང་བོད་རུམ་སྤྱོད་གོ་ཆེ་ལ། དེ་བས་ཚོན་མདངས་མཛེས་པོ་དགོས་ཀྱི་འདུག”ཅེས་དབྱང་ཡུང་ལེང་གིས་ལག་ཤེས་རྙིང་པའི་རིན་ཐང་རྒྱུན་འཁྱོངས་བརྟན་པོ་བྱ་རྒྱུའི་ཆོད་སེམས་བཅངས་ཏེ་ལུས་པོ་སྒུར་སྒུར་ངང་བལ་རྒྱུ་བླངས་ནས་ཡང་བསྐྱར་ཐགས་འཐག་པར་བྲེལ།
“ང་ཚོས་སྤྱོད་པའི་བལ་ནི་གཙོ་བོ་མཚོ་བོད་ས་མཐོའི་ལུག་གི་བལ་རེད”ཅེས་དབྱང་ཡུང་ལེང་གིས་བཤད་པ་དང་། ཁོང་གིས“བལ་འདི་རིགས་ཀྱི་ཚི་སྣ་རིང་ཞིང་འཐེན་ཤུགས་ཆེ་བས། བཏགས་པའི་གདན་ཁུངས་མཐུག་པོ་ཡོད”ཅེས་འགྲེལ་བཤད་བྱས།
ཁ་གདན་གྱི་རི་མོའི་ཐད། དབྱང་ཡུང་ལེང་གིས་གཙང་གསུམ་ཆུ་འགོའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་། མཚོ་སྔོན་པོའི་དྭངས་གཙང་གི་ཆུ་མོ། གཙོད་སོགས་ས་མཐོའི་སྲོལ་རྒྱུན་གྱི་རུམ་གྱི་རི་མོའི་ནང་བཅུག་ནས་བོད་རུམ་དེ་ཉིད་མཐོང་རྒྱུ་དང་། རེག་རྒྱུ། འཁྱེར་རྒྱུ་བཅས་ཡོད་པའི་ས་མཐོའི་སྐྱེ་ཁམས་ཀྱི“མིང་བྱང”ལྟ་བུར་འགྱུར་བར་བྱས་ཡོད། གསར་གཏོད་དེ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་དང་མ་གྲོས་གཅིག་མཐུན་བྱུང་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར། མཚོ་སྔོན་ལ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་3761དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་5793ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། “སྐྱེ་ཁམས་ཀྱི་རིག་གནས་+”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་གནའ་བོའི་ལག་ཤེས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
“མཚོ་སྔོན་གྱི་ཆུ་མོ་དེ་བས་དྭངས་གཙང་དང་རི་བོ་དེ་བས་སྔོ་ལྗང་ལྡན་པས་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད”དབྱང་ཡུང་ལེང་གིས“ང་ཚོ་མཚོ་སྔོན་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་དགའ་བ་མ་ཟད། དེ་དག་ནང་མིར་མཉམ་སྤྱོད་བྱེད་རྒྱུར་ཡང་དགའ་པོ་ཡོད”ཅེས་བཤད། རྒྱ་ཡག་བོད་རུམ་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་ཀྱི་མཛེས་སྡུག་མཚོན་པའི“མིང་བྱང”ལྟ་བུར་གྱུར་ཞིང་། དེས་གནའ་བོའི་སྐྱེ་ཁམས་ཀྱི་བློ་གྲོས་དང་དེང་རབས་ཀྱི་ལྗང་མདོག་དོན་གཉེར་བྱ་རྒྱུ་གཞི་གཅིག་ཏུ་འདྲེས་ཡོད།
དབྱང་ཡུང་ལེང་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཐུན་མོང་མ་ཡིན་པའི་རུམ་འཐག་ལག་ཤེས་རྒྱུན་འཛིན་བྱས་པ་མ་ཟད། “སྐྱེས་པར་མ་གཏོགས་བུད་མེད་ལ་མི་སློབ་པའི”སྲོལ་རྙིང་དོར་ནས་རང་ཉིད་ཀྱི་ལག་ཤེས་བུམ་པ་གང་བྱོའི་ཚུལ་དུ་བཟའ་ཟླ་དང་། བུ་མོ། དགའ་ཉེ་སྤུན་མཆེད་བཅས་ལ་བསླབས་ཏེ་ཕྱོགས་ཁག་ནས་ཡོང་བའི་དགེ་ཕྲུག་དང་ཡུལ་མི་ཁྱིམ་མཚེས་ལ་ཕན་པ་བསྐྲུན་ཡོད། གྲོང་ཚོའི་ཞིང་དུད་བརྒྱ་ལྷག་ཙམ་བོད་རུམ་ཐོན་ལས་ནང་ཞུགས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཡོང་གི་ཡོད། ད་ཆ་གནའ་བོའི་ལག་ཤེས་དེ་ཡུལ་མི་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།
རྒྱ་ཡག་བོད་རུམ་རྣམ་གྲངས་དེ་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར། ཚོད་ལྟའི་ཁུལ་དུ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་470ཡོད། ས་མཐོར་རྩ་བ་ཚུགས་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དེ་དག་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་རིག་གནས་ཀྱི“གསོན་ཉམས་རྒྱུན་འཛིན”གྱི་དྲ་རྒྱ་ཐུན་མོང་ཐོག་བསྐྲུན་ནས་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་དང་སྐྱེ་ཁམས་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།