ཟླ་1ཚེས་16ཉིན་དང་ཚེས་17ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་1ཚེས་16ཉིན་དང་ཚེས་17ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་1ཚེས་16ཉིན་དང་ཚེས་17ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལྷ་སར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བཏོད་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་དང་ལས་འགན་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ཡོད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་བར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་དང་ལས་འགན་མངོན་འགྱུར་ལ་འགན་ལེན་བརྟན་པོ་བྱ་ཆེད་འཐབ་ཇུས་བཀོད་སྒྲིག་གནང་ཡོད་ལ། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། 2025ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ནན་པོ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་དང་ཟིལ་གནོན་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་ལྟ་སྐུལ་གྱི་ནུས་པ་གང་ལེགས་འདོན་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པར་བརྟེན་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ནམ་ཡང་མི་ཉམས་པའི་ངར་ཤུགས་དང་སྙིང་རུས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བློ་བརྟན་འགྱུར་མེད་དང་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། “སྲུང་སྐྱོང་གཉིས”ལ་དམིགས་ནས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་གཙོ་གནད་དུ་བརྩིས་ཏེ། བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“དོན་ཆེན་བཞི”ཡུན་རིང་གི་ལས་འགན་དུ་བརྩིས་ནས་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་དམ་འཛིན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པར་དམིགས་ནས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་རྟོགས་ངང་ཆོས་ཉིད་དང་སྒྲིག་ལམ་ལྟར་བྱ་བ་སྒྲུབ་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པའི་ལས་ཀའི་བྱས་རྗེས་ཧུར་ཐག་གཏོད་དགོས། མི་འདེམས་མི་སྤྱོད་ཀྱི་ཆབ་སྲིད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་མི་འདེམས་མི་སྤྱོད་ལས་ཀའི་ཚུལ་མིན་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། ལྷག་བསམ་རྣམ་དག་དང་། ཁ་ཞེ་གཉིས་མེད། འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་འདེམས་ཐུབ་པ་དང་སྤྱོད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལམ་ལུགས་ལྟར་དབང་ཆ་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དེ་བས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕུགས་ཕན་གྱི་ཐབས་ཇུས་དང་རྩ་བའི་ཐབས་ཇུས་ཤིག་ཡིན་པར་གོ་བ་གཏིང་ཟབ་བླངས་ཏེ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལམ་ལུགས་ཀྱི་བསམ་གཞིག་དང་ལམ་ལུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བྱ་བ་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཁྲིམས་སྲོལ་དང་ལམ་ལུགས་ཀྱི་ལམ་བུའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་ཀྱི་གཏན་འབེབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དབང་ཆ་སྤྲོད་པ་དང་། དབང་ཆ་སྤྱོད་པ། དབང་ཆ་གཏན་འཁེལ་བཅས་ཕན་ཚུན་གཅིག་གྱུར་དང་ཁ་གསལ་ལ་ཁུངས་གཏུགས་ཆོག་པའི་ལམ་ལུགས་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ཚན་ཁག་གི་དབང་ཆ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་གཏན་རང་བཞིན་གྱི་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་བཏོན་ནས་ལམ་ལུགས་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ། ཁྲིམས་སྲོལ་དང་ལམ་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཏང་དོན་དང་སྲིད་དོན་ཕྱི་གསལ་ནང་གསལ་ཡོང་བར་བྱེད་པ། སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་དང་། ཁྲིམས་སྲོལ་དང་ལམ་ལུགས་ལ་སྲུང་བརྩི་ཞུ་བའི་ཐད་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་དང་ལམ་ལུགས་ལག་བསྟར་བྱེད་པའི་ཐད་དམིགས་བསལ་མེད་པ་བཅས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་བརྟན་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པར་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ་འཁུར་བ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་མཐའ་འཁྱོངས་བྱེད་པ། “དམིགས་བསལ་སྨྲ་བ”རྒྱུ་མཚན་དུ་བྱས་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་གཅུན་འདོམས་ལྷུག་ཏུ་གཏོང་བ་དང་ཕྱི་རོལ་གྱི་ལྟ་སྐུལ་ལས་གཡོལ་བའི་གཏམ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་དང་ཚོང་པའི་དབར་གྱི་ངན་འབྲེལ་རུལ་སུངས་ལ་ཆད་པ་གཅོད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ། ངན་རུལ་ལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་ཀྱི་སྤུ་གྲིའི་ནུས་པ་འདོན་པ། རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་གནད་དོན་སྔོག་འདོན་དང་ཞིབ་བཤེར་ཞིབ་ཚགས་བཅས་བྱས་ཏེ། རུལ་སུངས་བྱེད་མཁན་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་། ལྐོག་ཟ་བྱེད་མཁན་ཡོད་ན་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་པ། ནག་སེལ་གཤེད་བཅོམ་མཐར་ཕྱིན་པ་བཅས་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི“ཆུང་ཟ་ཆུང་རུལ”ཞིབ་བཤེར་དང་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་མ་དངུལ་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ། རུལ་སུངས་ལ་ཞིབ་བཤེར་བྱེད་མཁན་ཡོད་པ་དང་། ཁེ་ཕན་ལ་སྲུང་སྐྱོབ་བྱེད་མཁན་ཡོད་པ། གནད་དོན་ལ་དོ་དམ་བྱེད་མཁན་ཡོད་པ་བཅས་མི་སེར་ཚོར་ཚོར་ཐུབ་པ་བྱས་ནས། ཡིད་ཆེས་ཟབ་གཏོང་དང་མི་སེམས་གཅིག་སྒྲིལ་རྒྱུན་ཆད་མེད་པར་ཐུབ་པར་བྱེད་དགོས། རྩ་ལག་མཉམ་བཅོས་དང་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བ་དང་། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཁག་གི་ལྟ་སྐུལ་འབྲེལ་མཐུད་བྱེད་པ། ཉེན་བརྡའི་སློབ་གསོ་གཏིང་ཟབ་སྤེལ་བ། གྱོད་དཔེར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་གྱོད་དཔེར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤྱོད་གཙང་རུལ་འགོག་དང་སྤྲོས་མེད་སྤྱོད་མཁས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རང་འགུལ་ངང་དམ་འཛིན་དང་དོ་དམ་བྱེད་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁྲི་བ་ཨང་དང་པོ་ཡག་པོ་ཞིག་བྱས་ཏེ། རིམ་པ་བཞིན་ཁྲིད་སྟོན་དང་གནོན་ཤུགས་སྤྲོད་པ། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་ནས་སྒྲུབ་པ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་ངང་བསྒྲུབ་པ། འགན་འཁྲི་དོན་འཁྱོལ་གྱི་དཔྱད་ཞིབ་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་འགན་འཛོལ་ཤོར་མཁན་གྱི་འགན་འཁྲི་བདའ་འདེད་ནན་པོ་དང་བདའ་འདེད་གནད་སྨིན་གཏོང་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་ཆེད་དོན་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ལམ་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། སྒྲིག་ཁྲིམས་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དཔུང་ཁག་འཛུཌ་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཧུར་ཐག་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བརྙན་ལམ་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། ཅང་ཝུན་ཕེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་དང་ཚན་པའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།