བོད་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་སླར་ཡང་མཐོ་ཤོས་སུ་སླེབས་པ།
སྤེལ་དུས 2026-01-21
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་བོད་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཀྱི་བསྡོམས་འབོར་ཏུན་ཁྲི115ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི2.05འཕར་བ་དང་། དེ་དུས་མཚུངས་ལས1.81%འཕར་ནས་ལོ་རྒྱུས་ཟིན་ཐོ་གསར་པ་གཏོད་ཡོད། དེའི་ནང་དུ་ནས་ཀྱི་ཐོན་འབབ་ཏུན་ཁྲི90ལས་ཐོག་མར་བརྒལ་ཏེ་ཏུན་ཁྲི90.53ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི1.76འཕར་བ་དང་། དེ་དུས་མཚུངས་ལས1.98%འཕར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་འབྲས་དེ་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་ལྟེ་བའི་དཔྱད་དཔོག་དམིགས་ཚད་ནང་བཅུག་ནས། ས་གནས(གྲོང་ཁྱེར)ཁག་དང《བོད་རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ལས་རིགས་ཀྱི་འགན་འཁྲི་ལག་ལེན་ནན་ཏན་བསྟར་ཏེ་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཡོད། 2025ལོར་བོད་ལྗོངས་ཡོངས་ཀྱི་འབྲུ་ཞིང་ཁྱོན་མུའུ་ཁྲི302.4ཟིན་པའི་ནང་དུ་ནས་ཀྱི་ཁྱོན་མུའུ་ཁྲི233.3ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི3.31དང་མུའུ་ཁྲི3.34སོ་སོར་འཕར་ཡོད།
བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་འབྲུ་སྣུམ་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་ཐོན་འབབ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཐོན་འབབ་བརྟན་པོ་དང་ལོ་ལེགས་ཡོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ཏེ། ཞིང་བཟང་དང་། སོན་བཟང་། སྐབས་བཟང་། ཐབས་བཟང་བཅས་མཉམ་འདྲེས་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “སྲིད་འཛིན་དང་ཆེད་མཁས་པ་ཟུང་དུ་འབྲེལ་བའི”ལས་ཀའི་ལམ་སྲོལ་འཛུགས་པ། ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི120དང“ཏང་སྲིད་གཙོ་འགན་འཁུར་མཁན་གྱི་དཔེ་སྟོན་ཞིང”35ཚད་གཞི་མཐོན་པོས་འཛུགས་སྐྲུན་བྱས་ནས་ཐོན་འབབ་མཐོ་བའི་ལག་རྩལ་གཅིག་སྡུད་ཁྱབ་གདལ་བཏང་ཡོད། ལྗོངས་དང་། གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་ཞིང་ལས་ཚན་རྩལ་པ5000ལྷག་ཙམ་སྒྲིག་འཛུགས་བྱས་ནས། ཞིང་ལས་ཚན་རྩལ་འགན་འཁྲི་གཙང་ལེན་གྱི་ཞབས་འདེགས་ཞུས་པ་དང་། ཞིང་ལས་དངོས་སྤྱོད་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བས། བོད་ལྗོངས་ཡོངས་ཀྱི་ཞིང་ལས་ལོ་ཏོག་རྨོ་འདེབས་དང་བསྡུ་ལེན་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད68.1%ཟིན་ཡོད།
སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད། བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་རྫས་ལུད་དང་། ཞིང་འཕྲུལ། ཞིང་སྨན། སོན་བཟང་སོགས་ཞིང་ཕན་ཁ་གསབ་མུ་མཐུད་ལག་ལེན་བསྟར་ནས། “གཅིག་གཏོར་མང་འཐུས”ཀྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ་དང་། ནས་ཞིང་ཆེན་པོའི་སོན་རིན་ཧེ་བག་གི་ཁ་གསབ་ཚོད་ལྟ་བྱེད་ཁོངས་རྒྱ་ཆེར་བཏང་ཞིང་། ཁྱིམ་འབྱོར་འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་མང་གཏོང་གི་བྱ་དགའི་ཁ་གསབ་སྲིད་ཇུས་མང་དུ་བཏང་བ་དང་། ཁ་གསབ་སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་མང་པོར་བརྟེན་ནས་ཞིང་པའི་ཞིང་འདེབས་དང་མུའུ་རེའི་ཐོན་འབབ་མང་དུ་གཏོང་བའི་ཧུར་སེམས་སྐུལ་སློང་བྱས་ཡོད། 2025ལོར་བོད་ལྗོངས་ཡོངས་ཀྱི་འབྲུ་རིགས་མུའུ་རེའི་ཐོན་འབབ་སྤྱི་རྒྱ380.29ཟིན་པ་དེ་ལོ་གོང་མ་ལས་མུའུ་རེར་སྤྱི་རྒྱ2.65མང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས་དང་གྲོང་ཁྱེར)7:2:1བཅས་རིམ་པ་གསུམ་གྱི་རྫས་ལུད་ཐད་མ་དངུལ་གཏོང་རྒྱུའི་འགན་ལེན་ལམ་སྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ“གནོད་འབུ་བཀག་ནས་ཐོན་འབབ་ཡོང་ཐབས”ཀྱི་ལོ་ལེགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཏན་ཏིག་ངང་སྤེལ་བ་དང་། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་གཙོ་བོར་བྱས་པའི་རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་ཁྲི454.62འཛུགས་སྐྲུན་བྱས་པ་དང་མུའུ་ཁྲི83.22བསྒྱུར་བཀོད་མཐོར་གཏོང་བྱས་ཡོད།