ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དུས་སུ་ལས་གནས་བརྟན་སྲུང་བྱེད།

སྤེལ་དུས 2026-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཞོགས་པའི་ཉི་རྩེ་ས་ལ་ཤར་དུས། གངས་ལྗོངས་ཀྱི་མཐའ་མཚམས་སུ་གྲང་ངད་སྔར་བཞིན་ཆེ། བོད་ལྗོངས་གཞིས་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་གི་སྒོ་རའི་ནང་ནས་གོམ་སྒྲ་གསལ་པོ་ཞིག་གྲགས་འོང་། མི་དམངས་ཉེན་རྟོག་པ་ཚོས་འབྲས་སྒྱེ་མོ་རེ་རེ་དང་། བཟའ་སྣུམ་འགྱིག་དམ་རེ་རེ། ཐུག་པ་སྒམ་རེ་རེ་བཅས་ཉེན་རྟོག་རླངས་འཁོར་ལ་འཇོག་བཞིན་ཡོད། “ལོ་གསར་ལ་ཉེ། ང་ཚོ་སྔ་མོ་ནས་ལམ་ལ་ཆས་ཏེ་ཡུལ་མི་ཚོར་ལོ་གསར་གྱི་འཚམས་འདྲི་བྱེད་པར་འགྲོ”ཞེས་བཀྲ་ཤིས་འཛོམས་མཐའ་མཚམས་མངགས་ཁང་གི་སོའོ་ཀྲང་གཞོན་པ་བཀྲ་ཤིས་དབང་ཕྱུག་གིས་གྲང་རླུང་གིས་གཙེས་ནས་དམར་པོར་གྱུར་པའི་ལག་པ་འཕུར་འཕུར་བྱེད་ཞོར་དགོད་བཞིན་དུ་བཤད།

            མི་དམངས་ཉེན་རྟོག་པ་རྣམས་ཕེབས་ཀྱི་ཡོད་པ་ཤེས་འཕྲལ། བུམ་རྒྱན་གྲོང་ཚོའི་ཟླ་བས་སྔ་མོ་ནས་སྒོ་འགྲམ་དུ་ཁོང་ཅག་ལ་ཕེབས་སྒུག་ཞུ་བཞིན་ཡོད། རླངས་འཁོར་ཁ་བཀག་མ་ཐག ཉེན་རྟོག་པ་ཚོས་འབྲུ་རིགས་ཁྱེར་ནས་ཟླ་བའི་ཁྱིམ་དུ་སླེབས་བྱུང་། “ཨ་ཁུ་ཟླ་བ་ལགས། བཀྲ་ཤིས་བདེ་ལེགས། ཉེ་ལམ་སྐུ་གཟུགས་གསལ་ཐང་ཡིན་ནམ། ལོ་གསར་གྱི་ཚོང་ཟོག་ཚང་མ་གྲ་སྒྲིག་བྱུང་སོང་ངམ”ཞེས་བཀྲ་ཤིས་དབང་ཕྱུག་གིས་སྤྲོ་སེམས་འཁོལ་པོས་འཚམས་འདྲི་གནང་བ་དང་། ཉེན་རྟོག་པ་གཞན་དག་གིས་ཀྱང“ཉེན་རྟོག་པ་དང་དམངས་ཀྱིས་སེམས་པ་མཐུན་ནས་མཐའ་མཚམས་སྲུང་། དཔྱིད་གསར་དུས་ཆེན་བདེ་སྐྱིད་ཁམས་བཟང་ཡོང་བར་སྨོན”ཞེས་པའི་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་བླངས་ནས།  བྱང་ཆ་ལྡན་པའི་ངང་གསར་དུ་བསྐྲུན་མ་ཐག་པའི་བོད་ལུགས་ཀྱི་སྒོ་ཆེན་ཐོག་སྦྱར།


ཉེན་རྟོག་པས་མང་ཚོགས་དང་མཉམ་དུ་བསྡད་ནས་འཚོ་བའི་སྐོར་གླེང་བཞིན་པ།

            ཨ་ཁུ་ཟླ་བའི་ཁྱིམ་དུ། སྒྲོག་རྩེ་སྟེང་བོད་ཇ་ཚ་པོ་ཕོར་པ་རེ་རེ་བཞིན་བླུགས་ཡོད་པས།  བོད་ཇའི་དྲི་བསུང་ཁང་པའི་ཁྱོན་ལ་ཁྱབ་འདུག ཨ་ཁུ་ཟླ་བས་བཀྲ་ཤིས་དབང་ཕྱུག་གི་ལག་པ་ནས་དམ་པོར་བཟུང་སྟེ།  “ན་ནིང་དིང་རིར་ས་ཡོམ་བརྒྱབ་རྗེས་སུ། ཁྱེད་ཚོས་ང་ཚོར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་པར་བརྟེན། ད་གཟོད་ཁང་པ་གསར་བའི་ནང་ལོ་གསར་རོལ་ཐུབ་སོང་བས་ངོ་མ་བློ་བདེ་པོ་ཞིག་འདུག”ཅེས་བཤད།“ཁྱེད་ཀྱིས་ཐུགས་འཛེམ་གནང་མི་དགོས། ཚང་མར་ཁང་པ་གསར་པ་བསྐྲུན་རོགས་བྱས་ནས་བདེ་སྐྱིད་ལྡན་པའི་ངང་ཁང་པ་གསར་བའི་ནང་སྤོས་ཏེ་བློ་བདེ་བག་ཕེབས་ངང་ལོ་གསར་རོལ་རྒྱུ་ཡོང་བ་ནི་ང་ཚོས་བསྒྲུབ་དགོས་ངེས་ཀྱི་བྱ་བ་ཞིག་རེད། ཁྱོད་ཚོ་ཁང་པ་གསར་བའི་ནང་སྤོས་ནས།  བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་ཚེ།  ང་ཚོ་ལ་དེ་ལས་ལྷག་པའི་སྐྱིད་ཅིག་མེད།”

            “ལོ་གསར་སྐབས་སུ་ངལ་གསོ་མེད། ། ལས་གནས་སྲུང་ནས་ཞབས་འདེགས་ཞུ།  །”བཀྲ་ཤིས་དབང་ཕྱུག་གིས། གནས་སྤོས་དོ་དམ་ཉེན་རྟོག་པའི་ལོ་གསར་གྱི་སྤྲོ་སྣང་དེ་འཚམ་འདྲིར་སྐྱོད་པའི་གོམ་སྟབས་དང་།  དམངས་དོན་སྒྲུབ་པའི་བྱ་སྤྱོད་ཁྲོད་འདུས་ཡོད་ཅེས་གསུངས།

            ཕྱི་དྲོའི་ཆུ་ཚོད་བཞི་པར།  བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་གི་ཐེམ་ཐོ་ཁང་གི་མི་དམངས་ཉེན་རྟོག་པ་ལེའི་ཞའོ་ཧུའུ་ཡིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐེམ་ཐོའི་ཡིག་ཚགས་ལེགས་སྒྲིག་བྱེད་བཞིན་པའི་སྐབས་སུ།  གློ་བུར་དུ་གྲགས་པའི་ཁ་པར་གྱི་དྲིལ་སྒྲས་གཞུང་ལས་ཁང་གི་ལྷིང་འཇགས་རྦད་དེ་དཀྲོག་བྱུང་།

            “བཀྲ་ཤིས་འཛོམས་མངགས་གཏོང་ཁང་ཡིན་ནམ། ང་ནི་རས་ཕུད་གྲོང་ཚོའི་ཚེ་རིང་ནོར་བུ་ཡིན། ངའི་ཐོབ་ཐང་ལག་ཁྱེར་གཟབ་གཟབ་མ་བྱས་པར་བོར་བརླག་བྱུང་འདུག ད་ལྟ་འགྲོ་འདུག་སྟབས་བདེ་མེད་རྐྱེན་མངགས་གཏོང་ཁང་དུ་ཡོང་ཐུབ་སོང་། འོན་ཀྱང་གཟའ་འཁོར་རྗེས་མར་ང་རང་གཞིས་རྩེར་སྨན་པ་བསྟེན་དུ་འགྲོ་དགོས་དུས།  ཐོབ་ཐང་ལག་ཁྱེར་དགོས་ངེས་ཅན་ཡིན། ད་ནི་ཇི་ལྟར་བྱེད་དགོས་སམ”ཞེས་གྲོང་མི་ཚེ་རིང་ནོར་བུས་སེམས་ཁྲལ་ཆེན་པོས་བརྗོད།


ལ་ཀླུང་བརྒལ་ནས་ཞབས་ཞུ་སྒྲུབ་བཞིན་པའི་རྣམ་པ།

            པཱ་ལགས། ཁྱེད་རང་ཐུགས་འཚབ་པོ་མ་གནང་རོགས། ང་ཚོས་དེ་མ་ཉིད་དུ་སྒྲིག་ཆས་ཁྱེར་ནས་ཁྱེད་རང་གི་ཁྱིམ་དུ་ལག་ཁྱེར་བཟོ་རུ་ཡོང་གི་ཡིན། ཁྱེད་རང་སྨན་པ་བསྟེན་ནས་སྨན་རིན་རྩིས་སྤྲོད་བྱེད་པར་འགོར་འགྱངས་བྱེད་མི་སྲིད”ཅེས་ཁ་པར་བཞག་རྗེས། ཉེན་རྟོག་པ་ལེའི་ཞའོ་ཧུའུ་ཡིས་མྱུར་དུ་རླངས་འཁོར་བཏང་ནས་རས་ཕུད་གྲོང་ཚོར་བསྐྱོད།

            ཉེན་རྟོག་པའི་རླངས་འཁོར་ཀྱག་ཀྱོག་གི་གྲོང་གསེབ་གཞུང་ལམ་བརྒྱུད་ནས་མྱུར་བར་བསྐྱོད། སྐར་མ་བཞི་བཅུའི་རྗེས་སུ་ཚེ་རིང་ནོར་བུ་ཁྱིམ་གྱི་སྒོ་རའི་མདུན་དུ་ཁ་བཀག་ནས་ནང་དུ་འཛུལ་རྗེས་སུ།  ཉེན་རྟོག་པ་ལེའི་ཞའོ་ཧུའུ་ཡིས་མྱུར་དུ་སྒྲིག་ཆས་ཀྱི་ཁ་ཕྱེ་ནས་རྒན་རྒོན་གྱི་ཆ་འཕྲིན་འཚོལ་བསྡུ་དང་ནང་འཇུག་བྱེད་པའི་ཆོག་མཆན་འགོད་འགོ་བརྩམས། “པཱ་ལགས། ཁྱེད་ཀྱི་ཆ་འཕྲིན་ཚང་མ་ཞིབ་བསྡུར་བྱས་ཟིན། ང་ཚོས་ཐོབ་ཐང་ལག་ཁྱེར་གསར་པ་བཟོས་ཚར་རྗེས་སུ། མྱུར་དུ་ཁྱེད་རང་ལ་སྐྱེལ་ནས་ཡོང་གི་ཡིན”ཞེས་བཤད། ཡུན་རིང་མི་འགོར་བར། ཉེན་རྟོག་པ་ལེའི་ཞའོ་ཧུའུ་ཡིས་ལག་ཁྱེར་ལེན་རྒྱུའི་སྤ་སེ་ཆ་ཚང་ཞིག་ཚེ་རིང་ནོར་བུར་སྤྲད་པར་མ་ཟད། རྗེས་མཐུད་ཀྱི་དོན་དག་ཡང་ཞིབ་ཕྲ་ངང་འགྲེལ་བཤད་བྱས། ཚེ་རིང་ནོར་བུས་ཡང་ཡང་བཀའ་དྲིན་ཆེ་ཞུས་ནས།  “སྔོན་ཆད་ཐོབ་ཐང་ལག་ཁྱེར་གཉེར་བར་ཆེད་མངགས་མངགས་གཏོང་ཁང་དུ་འགྲོ་དགོས་ཀྱི་ཡོད། ད་ལྟ་ཁ་པར་གཅིག་གིས་ཁྱེད་ཚོ་སྒོ་འགྲམ་དུ་ཕེབས་ཏེ་ཞབས་ཞུ་སྒྲུབ་ནས། ངའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་བ་སེལ་སོང་། ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་བཤད།

            བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་ལ་མཚོན་ན་ཁྱིམ་ཚང་གི་སྒོ་རྩར་ཕྱིན་ནས་ཞབས་ཞུ་བསྒྲུབས་པ་དེའི་རིགས་སྔ་མོ་ནས་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། ཉེན་རྟོག་པ་ཚོས་སྟབས་བདེ་བའི་ལག་ཁྱེར་བཟོ་བའི་སྒྲིག་ཆས་རྒྱབ་ཁུག་ནང་བཞག་ནས་རང་འགུལ་ངང་སྒོ་འགྲམ་དུ་ཞབས་འདེགས་ཞུ་བར་ཕྱིན་ཏེ། གོམ་པ་རེ་རེ་བཞིན་དམངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད།


པ་ཏྲའི་གཟུགས་སུ་དཔར་བའི“ཧྥུའུ”ཡིག་མཐོ་སར་འགེལ་བཞིན་པ།

            མུན་པའི་ཡོལ་བ་འཐེན་སོང་། བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པའི་ཉིན་གཅིག་གི་འཚམས་འདྲི་དང་དམངས་ཕན་ཞབས་ཞུ་མཇུག་བསྒྲིལ་ཅིང་། སྒར་ཁུལ་དུ་མཐའ་མཚམས་སྲུང་དམག་ལ་གཏོགས་པའི་ལོ་གསར་གྱི“གསོལ་སྟོན”གཤོམ་པར་བརྩམས།

            “ཤོག་དང་། རོགས་ཤིག་བྱོས་དང་།  པ་ཏྲ་འདི་མཐོ་སར་བཀལ་ན་ཇི་འདྲའི་མཛེས་ཨང”ཞེས་སློབ་སྟོན་པ་དབྱང་ཤིས་ཁུང་གིས་རྐུབ་སྟེགས་ཐོག་འཛེགས་ནས་ལག་ཏུ་ཡོད་པའི་པ་ཏྲ་ཞིག་སྡོང་པོའི་མཐོ་སར་བཀལ་ཅིང་། ཉེན་རྟོག་པ་གསར་པ་འོད་མཚོ་རྡོ་རྗེས་འོག་ནས་བསྐྱོར་ཏེ་མཐོ་ཚད་སྙོམས་སྒྲིག་བྱས། ཕྱོགས་གཞན་ཞིག་ཏུ། ཉེན་རྟོག་པ་ཚོ་རུབ་རུབ་བྱས་ནས། ལ་ལས་འབྱར་རྩི་བཟུང་ནས་དཔྱིད་གསར་གྱི་ཆ་ཚིག་སྦྱར་བ་དང་། ལ་ལས་ཚོན་ལྡན་གློག་སྒྲོན་འགེལ་བར་བྲེལ་བཞིན་མཆིས། སྒར་ཁུལ་གྱི་གྲུ་ཟུར་རེ་རེར་རྟེན་འབྲེལ་གྱི་སྤྲོ་བས་རྒྱན་པར་བྱས།

            དགོང་ཟས་ཀྱི་དུས་སུ། ཉེན་རྟོག་པ་ཚོས་ཞིམ་མངར་ལྡན་པའི་ཟས་མཆོག་གི་མཐའ་རུ་བསྐོར་ནས། ལག་པའི་ནང་གི་ཕོར་པ་ཡར་བཀྱགས་ཏེ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།  “ལོ་འདིར་ཚང་མ་སྐུ་ལས་མྱངས་སོང་། དེ་རིང་ང་ཚོས་ལས་ཀའི་སྐོར་མི་གླེང་བར་མཉམ་འཛོམས་ཁོ་ན་གླེང་ནས།  སླེབས་ཉེར་ཡོད་པའི་ལོ་གསར་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན” “ཡིན་ད། ཞབས་དག་ཡིན་ད། ཚང་མར་ལོ་གསར་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས”ཞེས་སློབ་སྟོན་པ་དབྱང་ཤིས་ཁུང་གིས་སྔོན་ལ་ཕོར་བ་བཀྱགས་ནས་རྟེན་འབྲེལ་ཞུས།

       “ཞབས་དག་ཡིན་ད”ཞེས་ཕོར་པ་གཏུག་པའི་སྒྲ་ཡིས་ཟ་ཁང་ནང་ཡོངས་སུ་ཁྱབ་ཅིང་། དྲོ་སྐྱིད་ཅིག་མིད་པ་བརྒྱུད་ནས་བྲང་ཁོག་ལ་བཞུར་བྱུང་། “ད་ལོ་ནི་ས་མཐོར་བཏང་བའི་ལོ་གསར་དང་པོ་ཡིན། ཁྱིམ་དུ་ཕ་མ་དང་འདུག་རོགས་བྱེད་མི་ཐུབ་རུང་། ཚང་མ་མཉམ་དུ་ཡོད་པས་ཁྱིམ་དུ་ཡོད་པ་བཞིན་དྲོ་སྐྱིད་ལྡན་པ་ཞིག་རེད”ཅེས་ཉེན་རྟོག་པ་གསར་པ་ཀྲོའུ་ཁང་ཅན་གྱིས་ཟ་མ་ཟ་ཞོར་མྱོང་བ་ལྷུག་པོར་བརྗོད།


ཉེན་རྟོག་པའི་སྒར་སའི་ནང་གི་དམིགས་བསལ་གྱི“གསོལ་སྟོན”ལ་རོལ་བཞིན་པ།

            གསོལ་ཅོལ་ཐོག་ཏུ་ཚང་མས་ཟ་མ་བཟའ་ཞོར་ཁ་བརྡ་བྱེད་བཞིན་ཡོད་པས། དགོད་སྒྲ་རྒྱུན་མི་ཆད་ལ། ལ་ལས་ཉིན་མོ་འཚམས་འདྲིར་སྐྱོད་སྐབས་མང་ཚོགས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱེད་པ་དང་། ལ་ལས་སང་ལོའི་ལས་ཀའི་དམིགས་འབེན་འགོད་བཞིན་ཡོད་ལ། ད་དུང་ལ་ལས་ཕན་ཚུན་གྱི་དོན་རྙོག་ལ་ཀུ་རེ་བྱེད་བཞིན་ཡོད། སློབ་སྟོན་པས་ཚང་མར་བལྟས་ནས།  “དཔྱིད་གསར་དུས་སུ་ལས་གནས་བརྟན་པོར་སྲུང”ང་ཚོ་ད་ལོའི་ལོ་གསར་ནང་མི་དང་མཉམ་འཛོམས་བྱེད་མི་ཐུབ་མོད། ང་ཚོས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་བ་དང་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་བཞིན་ཡོད། དེ་ནི་ང་ཚོ་གནས་སྤོས་ཉེན་རྟོག་པའི་ཆེས་གཟི་བརྗིད་ལྡན་པའི་ལས་འགན་ཡིན་ཞེས་གསུངས།

            ས་གཞིས་ག་ལེར་སྨག་རུམ་གྱི་ལྭ་གོན་བྱུང་ལ། སྒར་ཁུལ་གྱི་ལྒང་ཞུ་དམར་པོའི་འོད་མདངས་ཇེ་གསལ་དུ་ཕྱིན། བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་རྣམས་ཀྱིས་གངས་ལྗོངས་ས་མཐོའི་སྟེང་དུ་ཐུན་མོང་མ་ཡིན་པའི་མཚན་མོ་ཞིག་ལ་རོལ་བཞིན་མཆིས། སླེབས་ཉེར་ཡོད་པའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་སྐབས་སུ། ཁོང་ཚོས་མུ་མཐུད་ལས་གནས་ཐོག་བརྟན་སྲུང་བྱས་ཏེ། ལང་ཚོ་དང་ཁྲག་དྲོན་གྱིས་མཐའ་མཚམས་ཀྱི་བདེ་འཇགས་དང་ཞི་བདེ་སྲུང་ནས། ལོ་གསར་པའི་ཉི་འོད་ཐོག་མ་དེར་མཉམ་དུ་བསུ་མ་བྱེད་བཞིན་མཆིས།

རྩོམ་སྒྲིག་པ། རིག་གྲོལ།