—— བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་པ།
བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ཟངས་རི་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་ཀའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ལྗོངས་ཏང་ཨུད་ཀྱི“སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་ནི་སྟོང་གཏམ་ཙམ་མ་ཡིན་པར། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བླང་བྱ་བློ་ལ་བརྟན་པོར་ངེས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སྐུ་ངོ་མས་བརྟག་ཞིབ་ཐེངས་གསུམ་གནང་སྐབས་ཀྱི་མཛུབ་སྟོན་གྱི་དགོངས་དོན་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་བ་དང་། “ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས”ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱས་ནས། ཐོན་ལས་རིམ་སྤོར་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། དམངས་འཚོ་ལེགས་གཏོང་བཅས་ཀྱི་རྒྱང་ལམ་དུ་གོམ་སྟབས་བརྟན་པོ་ཞིག་སྤོས་ཏེ་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
དངོས་སྒྲུབ་ལ་བརྟེན་ནས་ཐོན་ལས་ཀྱི་དཀའ་གནད་བསལ་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་། སྤྱོད་ཚུལ་ནི་གནད་དོན་ཐག་གཅོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་རེད། ཟངས་རི་རྫོང་གིས“གདོང་མཆོང་དང་ཚོད་ལྟ་བྱེད་ཕོད་པའི”སྤྱོད་ཚུལ་ལ་བརྟེན་ནས་“སྲིད་གཞུང་གིས་ལས་སྟེགས་འཛུགས་པ་དང་། ཁེ་ལས་ཀྱིས་གཙོ་བོ་བྱེད་པ། མང་ཚོགས་ལ་ཁེ་ཕན་ཐོབ་པ”བཅས་ཀྱི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཁྱབ་གདལ་བཏང་སྟེ། བྱས་པ་ཅན་གྱི་སྲིད་གཞུང་དང་ནུས་ལྡན་གྱི་ཁྲོམ་ར་གཉིས་ཀྱིས་ཤུགས་ཕྱོགས་གཅིག་ལ་རྒྱག་པ་དང་གོམ་སྟབས་གཅིག་མཐུན་ཡོང་བར་བྱས་ཡོད།
སྔོན་ཆད། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ས་བབ་སྨི་3600ལྷག་ཙམ་ཡོད་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཝེ་ཏེར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར“ཡག་པོ་འདེབས་ཐུབ་ཀྱང་བྲིན་ཁ་རྒྱུག་པོ་མེད་པའི”དཀའ་གནད་འཕྲད་ཡོད། རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་དང་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིའི་ཅིང་ལིས་མཉམ་དུ་རྒུན་འབྲུམ་གྱི་མ་དཔེ་སྤུས་དག་འཁྱེར་ནས“པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ”བཅས་སུ་བསྐྱོད་པ་མ་ཟད། པེ་ཅིང་གི་ཚོང་ཁང་རྩེ་གྲ་ཞིག་གི་ཉོ་སྒྲུབ་པུའུ་ལ་ངོ་སྤྲོད་ཡང་ཡང་བྱས་ཤིང་། ཐེངས་གསུམ་བསྐྱོད་མཐར་ཀུང་སི་དེ་སེམས་འགུལ་ཐེབས་ནས། གྲོང་ཁྱེར་ཆེན་པོའི་ཟོག་སྒྲོམ་སྟེང་སྤྱི་རྒྱ་རེར་སྒོར་90བྱས་པའི་ས་མཐོའི་རྒུན་འབྲུམ་སྒྲིག་ཐུབ་ནས། “སླེ་བོ་འཁྱེར་ནས་རྒུན་འབྲུམ་ཚོང་བ”ནས་སྤུས་རྟགས་ཚོང་ཟོག་ཐད་ཚོང་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་ཕྱིན་ཡོད། ཟངས་རི་རྫོང་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལུའོ་མིང་ལུའུ་ཡིས་རྒུན་འབྲུམ་ལྡུམ་རའི་ནང་ལངས་ནས་འབབ་འཕར་སྐོར་ལ་ཁོག་རྩིས་ཤིག་བརྒྱབ་པ་སྟེ། 2024ལོར་རྟེན་གཞིར་ཐོན་རྫས་རིན་ཐང་སྒོར་ཁྲི་6600དང་2025ལོར་སྒོར་དུང་ཕྱུར་1.9ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་300%འཕར་ནས། རྒུན་འབྲུམ་དང་རྒུན་ཆང་ཐོན་རྫསཤང་ཀང་སོགས་ས་ཐག་རིང་པོར་གཏོང་ཐུབ་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་བགོ་འགྲེམས་ལས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཅིང་། མཐར་མ་གྲོང་ཚོའི་ཡུལ་མི་དབྱངས་ཅན་མཚོ་མོ་སྔོན་ཆད་དུས་ཚོད་མང་ཆེ་བར་ནོར་ལུག་གསོ་བཞིན་ཡོད། 2017ལོར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིའི་བཟོ་པར་བསྡུས་རྗེས་མ་བྱན་བྱས། ད་ཆ་རྒུན་ཆང་ཚོང་ཁང་དུ་སྐུ་མགྲོན་ལ་རྒུན་ཆང་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། “རྟེན་གཞིས་ཟླ་རེར་གླ་ཆ་སྒོར་5000སྤྲོད་ཀྱི་ཡོད། ལས་ཀ་གྲོལ་རྗེས་ད་དུང་རྒན་རྒོན་དང་ཕྲུ་གུར་ལྟ་སྐྱོང་ཐུབ་ཀྱི་འདུག”ཅེས་དབྱངས་ཅན་མཚོ་མོས་བཤད། སློབ་ཆེན་ཐོན་མ་ཐག་པའི་ཆོས་སྒྲོན་གྱིས་ཉི་འགོག་ཞྭ་མོ་ཞིག་གྱོན་ནས་ལག་རྩལ་གཙོ་གཉེར་བ་ཧོ་ཀྲི་རུང་དང་མཉམ་དུ་དོ་དམ་སློབ་སྦྱོང་བྱེད་བཞིན་འདུག དབྱི་སི་རལ་གྱི་ནའེ་ཐེ་ཧྥེ་མུའུ་ཡི་ཐིགས་ཆུ་འདྲེན་པའི་མ་ལག་གིས་གནད་སྨིན་ཆུ་གཏོང་བར་ལྟ་བཞིན་ཁོ་མོ་ཧང་སངས་ནས“ལག་རྩལ་པ་གཉིས་ཀྱིས་ས་ཞིང་མུའུ་2000ལ་གཡོག་བྱེད་ཐུབ་ཀྱི་འདུག ཚན་རྩལ་ལ་བརྟེན་པས་འདེབས་འཛུགས་དེ་བས་སྟབས་བདེ་རུ་སོང་ཡོད”ཅེས་བརྗོད། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་བག་བྲོས་ས་ཞིང་བརྒྱུད་བཤུག་གི་གསལ་ཐོར་ལྟ་བཞིན་ངོ་གདོང་འཛུམ་གྱིས་ཁེངས་ལ། ལོ་རེར་ས་ཞིང་མུའུ་2000ལྷག་ཙམ་བརྒྱུད་བཤུག་བྱས་པའི་དངུལ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ཟིན་པས། ཡུལ་མི་50ལྷག་ཙམ་ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ཙམ་འཕར་ཡོད།
འགན་སེམས་འཆང་བཞིན་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།
ཚོང་གཉེར་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་དང་། ལས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་རེད། ཟངས་རི་རྫོང་གིས“རང་འགུལ་ངང་འགན་འཁྲི་འཁུར་བ་དང་མཐུན་སྦྱོར་ལས་ཆོད་ཆེ་བའི”སྤྱོད་ཚུལ་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དཀའ་གནད་ལ་ཐད་ཀར་གཏུག་པ་དང“སྐར་ཁུང་གཅིག་ནས་བདག་སྤྲོད་དང་མཉམ་དུ་སྒྲུབ་པའི”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཁེ་ལས་ཀྱི་འགྲོ་ལུགས་གཉེར་རྒྱུ་དེ་བས་སྟབས་བདེ་དང་འཕེལ་རྒྱས་དེ་བས་བདེ་བླག་ཡོང་བར་བྱས་ཡོད།
ཁེ་ལས་ཀྱི་རེ་འདུན་ལ་དུས་ཐོག་ཏུ་ལན་འདེབས་ཆེད། ཟངས་རི་རྫོང་གིས“ཁེ་ལས་ཀྱི་རེ་འདུན་ཐད་གཏོང་རླངས་འཁོར”དང་སྲིད་གཞུང་དང་ཁེ་ལས་ཀྱི་བཞུགས་མོལ་ལས་སྟེགས་བཙུགས་ནས་གནད་དོན་དང་། འགན་འཁྲི། ཐོ་སུབ་བཅས་ཀྱི“གསལ་ཐོ་གསུམ”བཟོས་ཏེ། ཡུན་རིང་ལུས་པའི་བྱེ་བྲག་གི་གནད་དོན་དང་འཕེལ་རྒྱས་ཁྲོད་ཀྱི་ཐུན་མོང་གི་གནད་དོན་འགུལ་རྣམ་གཙང་སེལ་བྱས་པ་དང་། དྭགས་པོ་ཆུ་ཤུགས་གློག་ཁང་གི་འགྲོ་ལུགས་གཉེར་བ་དང་ལྕེ་ཤོད་ཆུ་ཤུགས་གློག་ཁང་གི་གནས་སྤོས་ཡུལ་མི་བཀོད་སྒྲིག་སོགས་ཀྱི་དཀའ་ཚེགས་ཆེ་བའི་ལས་དོན་རེ་རེ་བཞིན་བསྒྲུབས་པ་སོགས་ནི་ལས་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་གི་གསོན་ཉམས་ལྡན་པའི་མཚོན་ཚུལ་རེད།
ཟངས་རི་རྫོང་གིས་སྲིད་གཞུང་གིས་སྣེ་ཁྲིད་དེ“ཟ་མཁས་འཐུང་མཁས”བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ནོར་སྲིད་ཀྱི་མ་དངུལ་བསྡུ་སྒྲིལ་དང་། བོད་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ། དམངས་ཁྲོད་ཀྱི་མ་དངུལ་སྐུལ་སློང་བཅས་བྱས་ཏེ“སྲིད་གཞུང་གི་མ་དངུལ་ཉུང་ངུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཁྱབ་ངང་ཞུགས་པ། འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་མངོན་འགྱུར་བྱུང་ཡོད། སྤྱོད་ཚུལ་ལེགས་གཏོང་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཕྱོགས་ཡོངས་ནས་འཕེལ་བ་སྟེ། 2025ལོར་ཟངས་རི་རྫོང་གི་ཚོང་འགུགས་མ་འདྲེན་30%ཡན་འཕར་ནས་དངུལ་འབོར་སྒོར་དུང་ཕྱུར་17ཟིན་པ་དང་དམངས་ཁྲོད་ཀྱིས་བསྡུར་གྲངས་བཟུང་ཚད་5%ནས་20%ཡན་བར་མཐོ་རུ་ཕྱིན་ཡོད་པ་རེད།
ཐོག་མའི་བསམ་འདུན་གཞིར་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བས་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་པ།
འཕེལ་རྒྱས་ཀྱི་མཐའ་མའི་དམིགས་ཡུལ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ལ་མཐར་མང་ཚོགས་ཀྱིས་ཞིབ་དཔྱད་བྱེད་དགོས། ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དམངས་འཚོའི་དོན་དངོས་རེ་རེའི་ཁྲོད་ནས་མངོན་པར་བྱས་ལ། བྲག་དཀར་གྲོང་གསར་གྱི་འཕོ་འགྱུར་ནི་དེའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད།
བྲག་དཀར་གྲོང་གསར་གྱི་ཡུལ་མི་བསོད་ནམས་མཚོ་མོས“དེ་སྔ། ང་ཚོ་ནང་མི་ཚང་མ་རོང་ཤར་ཤང་ཨེ་ཆུང་གྲོང་ཚོའི་ལུང་ཁུག་ཏུ་སྡོད་ཀྱི་ཡོད་པས། ཆར་པ་འབབ་སྐབས་རི་ཉིལ་ནས་ཕྱིར་སྐྱོད་པར་ཉིན་གང་འགོར་གྱི་ཡོད”ཅེས་བཤད། མང་ཚོགས་ཚོ་དཀའ་གནད་ལས་སྒྲོལ་ཆེད། ཟངས་རི་རྫོང་གིས“བཀོད་འདོམས་པུའུ་ཡིས་སྣེ་ཁྲིད་པ་དང་། ལས་དོན་ཆེད་སྒྲུབ་ཚན་ཁག་གིས་སྐུལ་འདེད་གཏོང་བ། གདོང་ལེན་རུ་ཁག་གིས་འགག་སྒྲོལ་བྱེད་པ”བཅས་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་ནས“ཉིན་ལྟར་བཀོད་གཏོང་བྱེད་པ་དང་། གཟའ་འཁོར་རེར་གྲོས་མོལ་བྱེད་པ། ཟླ་རེར་བརྡ་ཁྱབ་གཏོང་བ”བཅས་ཀྱི་ལས་དོན་སྒྲུབ་སྟངས་ཁྱབ་གདལ་བཏང་བ་དང་། རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མ་དངུལ་སྒོར་དུང་ཕྱུར་1.7བསྡུ་སྒྲིལ་བྱས་ཏེ་ཚད་གཞི་མཐོ་བའི་འཆར་འགོད་ལྟར་བྲག་དཀར་གྲོང་གསར་འཛུགས་སྐྲུན་བྱས་པས། དུད་ཚང་200ཡི་མང་ཚོགས་800ཁང་པ་རྙིང་པ་ནས་ཁ་བྲལ་ཏེ་གཙང་ལ་གྲལ་འགྲིག་པའི་བོད་བཟོའི་སྡོད་ཁང་གསར་པར་སྤོས་པ་རེད།
ཞོགས་པའི་ཉི་འོད་བྲག་དཀར་གྲོང་གསར་དུ་འཕྲོ་སྐབས་བསོད་ནམས་མཚོ་མོས་ཇ་བསྲུབས་མ་བཟོ་བཞིན་ཡོད་པ་དང་དྲི་ཞིམ་སྒོ་རའི་གང་སར་འཐུལ། ཞོགས་ཟས་བཟས་རྗེས་ཁོང་དང་གྲོང་ཚོའི་རོགས་པ་རྣམས་གྲོང་འབྲེལ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་སྣེ་གདོང་གྲོང་ཁུལ་དུ་དགུན་གསེང་གཏོང་ལ་ཉེ་བའི་བུ་མོར་མཁོ་ཆས་ཉོ་བར་བསྐྱོད་པ་དང་། “ལམ་ཐག་སྤྱི་ལེ་4ཡི་སར་སྐར་མ་བཅུ་གྲངས་ལས་འགོར་གྱི་མེད། དེ་ནི་དངོས་འབྲེལ་འཚོ་བ་ཡག་པོ་རེད”ཅེས་བཤད། བྲག་དཀར་གྲོང་གསར་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་ངག་དབང་གིས་ཡུལ་མིའི་སྣེ་ཁྲིད་དེ་ས་རྒོད་གསར་སྦོལ་བྱས་ཏེ་པད་ཁ་མུའུ་340ལྷག་ཙམ་ལ་ལོ་དང་པོར་ཐོན་འབབ་སྤྱི་རྒྱ་4000ལྷག་ཙམ་བྱུང་བ་རེད། གྲོང་ཚོ་གསར་པར་བུ་བཅོལ་ཁང་དང་འཕྲོད་བསྟེན་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ལས་གནས་སྤོས་པ་ནི“དབུལ་པོའི་གནས་ལས”གྲོལ་བ་ཙམ་མ་་ཡིན་པར“དབུལ་པོའི་ལས་རིགས་ལ་འགྱུར་ལྡོག་གཏོང་བ”ཞིག་དེ་བས་ཀྱང་རེད།
དམངས་འཚོ་ལེགས་གཏོང་གི་ལམ་བུར་ཟངས་རི་རྫོང་གིས་གོམ་པ་སྤོ་མཚམས་གཏན་ནས་བཞག་མེད། “གཏན་འཁེལ་བྱས་ཕྱིན་སྒྲུབ་པ་དང་བསྒྲུབས་ཕྱིན་ཡག་པོ་སྒྲུབ་པའི”སྤྱོད་ཚུལ་ནན་པོ་བསྲུངས་ཏེ། ཁྱད་པར་ཅན་གྱི་ཁ་གསབ་སྲིད་ཇུས་བཟོས་ནས་མང་ཚོགས་ལ་བདེ་སྡོད་ཁང་པ་ཡག་པོ་བསྐྲུན་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་དུ་སྤོ་རྒྱུར་ཁྲིད་སྟོན་བྱས་པ་རེད། “ཕར་ཆིན་རྒྱག་པའི་སྙིང་སྟོབས”ལ་བརྟེན་ནས་རྒུན་འབྲུམ་གྲོང་རྡལ་ཆུང་ངུ་དང་ཆུ་ཚན་གྲོང་རྡལ་ཆུང་ངུ་བསྐྲུན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་ཉམས་འགྱུར་ཡང་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མིང་འདོན་རྫོང་དུ་བདེ་བླག་ངང་ཚུད་ཡོད། སྤྱོད་ཚུལ་བཟང་པོར་བརྟེན་ནས་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྐྱེ་ཁམས་སྡོང་ཕྲུག་ར་བའི་སྤུས་ཚད་མཐོ་རུ་དང་རྒྱ་ཆེ་རུ་བཏང་ནས་ལོར་སྤུས་ལེགས་སྡོང་ཕྲུག་རྐང་ཁྲི་120ཐོན་སྐྱེད་ཐུབ་པ་རེད།
ལམ་ལུགས་རྨང་གཞིར་བྱས་ནས་སྤྱོད་ཚུལ་གྱི་ཕུགས་ཕན་བརྟན་དུ་བཏང་སྟེ་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།
སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་ལམ་ལུགས་ནི་རྩ་བ་ཡིན་པས། ངེས་པར་དུ་ལམ་ལུགས་འཛུགས་པ་དང་སྒྲིག་ལམ་བཟོ་རྒྱུ་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྩ་བཅོས་ཐབས་ཇུས་སུ་བརྩི་དགོས། ཟངས་རི་རྫོང་གིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཡུན་རིང་རང་བཞིན་དང་། མཁྲེགས་འཛིན་རང་བཞིན། རྙོག་འཛིང་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ལག་ལེན་ཁྲོད་ནས་འཚོལ་ཞིབ་ཐུབ་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དག་ལམ་ལུགས་དང་ལམ་སྲོལ་དུ་བསྒྱུར་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད“སྣེ་འདྲེན་ཁེ་ལས་ཀྱིས་སྣེ་འདྲེན་པ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་པ། ཞིང་དུད་ཞུགས་པ”བཅས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་ནས་རྒུན་འབྲུམ་འདེབས་འཛུགས་དང་སྦྲང་ནོར་བུ་གསོ་ཚགས་སོགས་ཐོན་ལས་ཀྱི་ཁེ་འབབ་ཀྱིས་མང་ཚོགས་ལ་ཕན་པ་རྒྱུན་མཐུད་ཐོབ་པར་བྱས་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད“གསལ་ཐོ་ཅན་གྱི་འགག་སྒྲོལ་དང་གཤམ་སྐྱོད་རྣམ་པའི་ཞབས་ཞུའི”ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ“ཁེ་ལས་ཀྱི་རེ་ཞུའི་ཐད་གཏོང་རླངས་འཁོར”རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ཐུབ་པར་བྱས་ནས་ཁེ་ལས་ཀྱི་དཀའ་གནད་དུས་ཐོག་ཏུ་བསལ་ཡོད། དམངས་འཚོའི་ལས་དོན་ཁྲོད“རིམ་གསུམ་མཉམ་འགུལ་དང་གདུབ་ཟུམ་དོན་འཁྱོལ”གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་རེ་ཞུ“ཚང་མར་ལན་སློག་མཁན་ཡོད་པ་དང་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པར”འགན་ལེན་བྱས་པ་དང་དུས་མཚུངས། ཟངས་རི་རྫོང་གིས་དཔྱད་ཞིབ་གདེང་འཇོག་ལམ་ལུགས་དོན་འཁྱོལ་ནན་པོ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”སོགས་ཀྱི་གཙོ་གནད་ནང་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་རྒྱུ”མཐའ་འཁྱོངས་ཀྱིས་ལས་སྒྲུབ་ལས་གཏོད་པའི་ཁུར་པོ་དང་རྡོག་ཁྲེས་ཕབ་སྟེ“བློ་སེམས་གཅིག་སྒྲིལ་གྱིས་ལས་སྒྲུབ་སྙིང་སྟོབས་འཕེལ་བའི”རྣམ་པ་བཟང་པོ་ཆགས་པར་བྱས་ཡོད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཟངས་རི་རྫོང་གིས་མཚམས་མེད་རྒྱུན་སྒྲུབ་ཀྱི་སྙིང་རུས་ཆེར་སྐྱེད་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་དེ་བས་འོད་སྟོང་འཕྲོ་བའི་དམངས་འཚོའི་བདེ་སྐྱིད་དང་ཐོན་ལས་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་རེད།