ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་ལོ་གསར་དགའ་གཏོང་བྱེད།

སྤེལ་དུས 2025-03-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཡུལ་སྐོར་བས་ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་ཆང་གི་བྲོ་བ་མྱོང་བཞིན་པ།
  ཟླ་2ཚེས་28ཉིན་ནི་བོད་ཤིང་སྦྲུལ་ལོའི་ལོ་གསར་ཚེས་གཅིག་ཡིན་ཞིང་། ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་ལྒང་བཞུ་དམར་པོ་བཀལ་ཏེ་བོད་ཀྱི་ལོ་གསར་གྱི་ཡུལ་སྲོལ་གོམས་གཤིས་དང་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་སོགས་རིག་གནས་ཀྱི་ནང་དོན་ལ་དམིགས་ནས“ཕྱེ་མར་བཟའ་བ”དང་། བོད་ཆས་གྱོན་པ། ཆ་ཡིག་འབྲི་བ། ལྷ་མོ་ལྟ་བ། ལོ་གསར་གྱི་རྣམ་པ་ཉམས་ལེན་བྱེད་པ་སོགས་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
  སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ། གྲོང་མི་དང་ཡུལ་སྐོར་བས་བང་བསྒྲིགས་ནས་ནོར་བུ་གླིང་ཁའི་ནང་འཛུལ་བ་དང་དེ་གར་སྤྲོ་སྣང་གི་རྣམ་པས་ཁེངས། ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡི་ལས་དོན་པས་གཟབ་མཆོར་ལེགས་པར་སྤྲས་པ་དང་ལག་ཏུ་ཁ་བཏགས་བཟུང་སྟེ་འཛུལ་སྒོར་ལངས་ནས་ཕྱོགས་ཁག་གི་སྐུ་མགྲོན་བསུ་བཞིན་མཆིས། ཁོང་ཚོས་ནོར་བུ་གླིང་ཁར་ཕེབས་མཁན་རྣམས་ལ་ཁ་བཏགས་བསྒྲོན་པ་མ་ཟད། དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
  “དེ་རིང་འདི་གར་ཡོང་མཁན་དང་པོ་ནི་ལྗོངས་ཕྱི་ནས་ཡོང་བའི་ན་གཞོན་ཡུལ་སྐོར་བ་ཞིག་རེད་འདུག ཁོང་གིས་གྱོན་གོས་དམར་པོ་ཞིག་གྱོན་པ་དང་ངོ་གདོང་སྤྲོ་སྣང་གིས་ཁེངས་འདུག” ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཟླ་སྒྲོན་གྱིས“དེ་རིང་བྱིས་པའི་ལྷ་མོའི་འཁྲབ་སྟོན་ཡོད། དེ་ནི་ནོར་བུ་གླིང་ཁས་བྱིས་པའི་ལྷ་མོའི་འཁྲབ་སྟོན་བྱེད་ཐེངས་དང་པོ་དེ་རེད། ང་ཚོས་ནོར་བུ་གླིང་ཁའི་ལེགས་ཆ་གང་ལེགས་བཏོན་ནས་རིག་གནས་སྒྱུ་རྩལ་དེ་བས་མང་བ་དེ་གར་འགྲེམས་སྟོན་བྱེད་དུ་འཇུག་རྒྱུ་ཡིན། བོད་ཀྱི་ལོ་གསར་ཚེས་གསུམ(ཟླ་3ཚེས་2ཉིན)ཉིན་དེ་གར་རིག་གནས་དམངས་ཕན་འཁྲབ་སྟོན་བྱ་རྒྱུ་ཡིན་པས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་འདི་གར་ཕེབས་ནས་ང་ཚོ་དང་མཉམ་དུ་ལོ་གསར་དགའ་གཏོང་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད།
  མཛེས་ལྗོངས་ཁུལ་གྱི་དམངས་སྲོལ་ཉམས་ལེན་ལྕོག་ཙེའི་སྟེང་ནོར་བུ་གླིང་ཁ་རྒྱབ་ཕྱོགས་མཁོ་སྒྲུབ་སྡེ་ཚན་གྱིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ཆང་དང་། ཁ་ཟས། ཚགས་ཤ་སྐམ་པོ་སོགས་བོད་ཀྱི་ཁྱད་ལྡན་འཐུང་བྱ་དང་ཟས་རིགས་སྣ་ཚོགས་བཤམས་ཡོད་ཅིང་། ལས་དོན་པས་སེམས་རྩ་འཁོལ་པོས་ཡུལ་སྐོར་བར་གསུམ་སྒྲོན་མཉེས་དག་བཀྱགས་པ་རེད།
  བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཡིག་མཁན་རྣམས་ཀྱིས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་སྨོན་ཚིག་བྲིས་ཤིང་། ཅང་སུའུ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཝང་ལགས་ཀྱིས། “བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས”ཞེས་པའི་བོད་ཡིག་གི་ཡིག་གཟུགས་མཛེས་ལ་ནང་དོན་ཡག་པས། ངས་དེ་རང་ཁྱིམ་གྱི་གྱང་ལྡེབས་སུ་འགེལ་གྱི་ཡིན་ཞེས་བརྗོད་དེ་པར་བརྒྱབ་ནས་སྤྲོ་སྣང་ཆེན་པོས་ཚང་མ་དང་མཉམ་སྤྱོད་བྱས་པ་རེད། ཆ་ཡིག་འབྲི་བའི་བྱེད་སྒོས་ཕྱི་རྒྱལ་གྱི་གྲོགས་པོ་མང་པོའི་ཡིད་དབང་བཀུག་ཡོད་ཅིང་། དབྱི་ཐ་ལི་ནས་ཡོང་བའི་ཧྥེ་ལི་པོས་དགེ་རྒན་གྱི་མཛུབ་ཁྲིད་འོག་རྒྱུས་མངའ་དེ་ཙམ་མེད་རུང་གྲལ་འགྲིག་པའི“བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ཡིག་ཡིག་གཟུགས་བྲིས་པར། དེ་གར་ཡོད་པའི་ཡུལ་སྐོར་བའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
  སྔ་དྲོའི་ཆུ་ཚོད་11པར། ནོར་བུ་གླིང་ཁའི་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་འཁྲབ་སྟོན་སྡིངས་ཆའི་ཐོག་རྔ་སྒྲས་ཁེངས་ཤིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་ཀྱི་བོད་ཀྱི་ལྷ་མོའི་འཛིན་གྲྭའི་ཕྲུ་གུ་ཚོས《སྣང་ས་འོད་འབུམ》འཁྲབ་སྟོན་བྱས་པར་ཧ་ཅང་འཁྲུག་ཆ་དོད། ལོ་12ལ་སླེབས་པའི་འཁྲབ་སྟོན་པ་ཆུང་ཆུང་ཚེ་བདེ་སྐྱིད་གཡང་འཛོམས་ཀྱིས་འཁྲབ་ཆས་གྱོན་པ་དང་། སྒྲ་གདངས་གསལ་བའི་གཞས་གདངས་ཀྱི་ཐོག་ནས་ལྷ་མོའི་ནང་གི་མི་སྣའི་གཏམ་རྒྱུད་འཁྲབ་གྱེར་བྱས་པར། གར་སྟེགས་འོག་གི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
  བོད་ཀྱི་ལོ་གསར་གྱི་ཚེས་གཅིག་ཉིན་གྱི་ནོར་བུ་གླིང་ཁ་ནི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཉམས་ལྡན་པའི་འགྲེམས་སྟོན་ཁང་ཞིག་རེད་ལ་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་སློབ་ཁང་ཞིག་ཀྱང་རེད། ཧ་ཅང་མཛེས་པའི་མེ་ཏོག་མཆོད་པ་ནས་ལྷ་མོའི་བྱིས་སྒྲ་གྲགས་པའི་བར་དང་། རྒྱ་བོད་སྐད་གཉིས་ཀྱི་སྨོན་ཚིག་འབྲི་བ་ནས་ཕྱོགས་བཞི་མཚམས་བརྒྱབ་ཀྱི་ཡུལ་སྐོར་བའི་འཛུམ་མདངས་བར། “ནོར་བུའི་སྐྱེད་ཚལ”འདིས་གསར་གཏོད་ཀྱི་མངོན་ཚུལ་ཐོག་ནས་ལོ་ངོ་སྟོང་གི་དམངས་སྲོལ་ལ་འོད་སྟོང་གསར་པ་འཕྲོ་བར་བྱས་ཏེ། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”རིག་གནས་ཀྱི་མིང་བྱང་གསར་པ་ཞིག་བསྣན་ཡོད།