ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པིར་རྩེ་ལས་བཞད་པའི་ལང་ཚོའི་མེ་ཏོག

སྤེལ་དུས 2025-04-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       གངས་ལྗོངས་ས་མཐོའི་བཟོ་རིག་སྒྱུ་རྩལ་གྱི་བྱེ་བྲག་ཐང་ག་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་གྱི་ཚབ་མཚོན་རང་བཞིན་ལྡན་པའི་སྒྱུ་རྩལ་ཞིག་ཡིན། རི་མོའི་བཟོ་རྩལ་དེར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ལོ་ངོ་སྟོང་གི་རྒྱུན་འཛིན་དང་འཕེལ་རྒྱས་བརྒྱུད་སྒྱུ་རྩལ་གྱི་བྱུར་བུར་གཏམས་ཤིང་མཛེས་རྩལ་གྱིས་ལྷག་ཏུ་རྒྱན་པའི་ཐང་གའི་ལུགས་མི་འདྲ་བ་མང་དག་ཅིག་ཐོན་ནས་བོད་ལྗོངས་ཀྱི་བཟོ་རིག་མཛེས་རྩལ་གྱི་ལྡུམ་རར་སྒྱུ་རྩལ་གྱི་མེ་ཏོག་སྣ་བརྒྱའི་དྲི་བསུང་འཐུལ་བར་བྱས་ཡོད།

       ལྷག་པར་དུ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐད་མཐོང་ཆེན་བྱས་པ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུ་ཡོད།  མཐུན་རྐྱེན་གཉིས་འཛོམས་ཀྱི་རྒྱབ་ལྗོངས་དེ་ལྟ་བུའི་འོག་“ཞང་བོད་སྒྱུ་རྩལ་སློབ་གླིང་”འདི་ཉིད་ཀྱང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཐང་གའི་སྒྱུ་རྩལ་ཐད་སྦྱང་པ་མཐར་ཕྱིན་པའི་ཐང་གའི་སྒྱུ་རྩལ་པ་དྲི་མེད་གཡུང་དྲུང་དང་འདྲ་བའི་སྤྱོད་ཡོན་གཉིས་ལྡན་གྱི་ཐང་གའི་སྒྱུ་རྩལ་གྱི་ཆེད་ལས་ཤེས་ལྡན་པ་མང་དག་ཅིག་གསོ་སྐྱོང་གིས་བོད་ལྗོངས་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། 

       ཞང་བོད་སྒྱུ་རྩལ་སློབ་གླིང་གི་སློབ་ཐོན་སློབ་མ་དྲི་མེད་གཡུང་དྲུང་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་ཡིན་ཞིང་། སློབ་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་བས་རང་གི་དགའ་ཕྱོགས་དང་བསྟུན་སྤྱི་ལོ་2002ལོར་རྒན་ཐར་པ་གཡུང་དྲུང་གི་ལགས་ཀྱི་གམ་ནས་རི་མོའི་རྨང་གཞི་སྦྱོང་འགོ་བརྩམས་པ་དང་ལྷག་པར་དུ་སྤྱི་ལོ་2006ལོར་དགེ་རྒན་ཆེན་མོ་བ་བུམ་འབངས་དང་སྲུང་སྐྱབས་རྣམ་གཉིས་ཀྱི་གམ་ནས་བོད་ཀྱི་ཐང་གའི་སྒྱུ་རྩལ་ལ་བརྩོན་པ་ཆེན་པོ་བྱས། མཐར་སྤྱི་ལོ་2015ལོར་དངོས་སུ་ཞང་བོད་སྒྱུ་རྩལ་སློབ་གླིང་དུ་རྒན་ཁྲི་བཙན་རབ་བརྟན་ལགས་ཀྱི་གམ་ནས་སློབ་གླིང་གི་ཚད་ལྡན་བརྒྱུད་རིམ་བཞིན་གཙོ་བོ་ཞང་ཞུང་རི་མོ་དང་། ཞོར་དུ་སྨན་ཐང་ལུགས་ཀྱི་རི་མོ་སློབ་སྦྱོང་གིས་མདོར་ན་མི་ལོ་20ཙམ་རིང་སྲོལ་རྒྱུན་གྱི་ཚད་ལྡན་ལྷ་བྲིས་པ་ཞིག་གིས་ངེས་པར་དུ་བརྒྱུད་དགོས་པའི་སྐྱ་རིས་དང་། ཚོན་ཁ་རྒྱོང་པ། མདངས་རྒྱག་པ། བཅད་རྒྱག་པ། ཞིབ་ཚགས་བྱེད་པ། གསེར་རིས་རྒྱག་པ། སྤྱན་འབྱེད་སོགས་ཐང་ག་འབྲི་སྦྱོང་གི་གོ་རིམ་རྣམས་སྦྱངས་པ་མཐར་ཕྱིན་གྱིས་སློབ་མཐར་ཕྱིན་པ་རེད།

       ཁོང་གིས་རང་ཉིད་ཞང་ཞུང་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་ནི་མི་སྒེར་གྱི་ཐང་གའི་སྒྱུ་རྩལ་སློབ་སྦྱོང་ཐད་ཐོབ་པའི་གྲུབ་འབྲས་ཀྱི་ལམ་ཚད་རྡོ་རིང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། མ་ཟད་རི་མོའི་འབྲི་ལུགས་ཚད་དང་ལྡན་ལ་འབྲི་རྒྱུན་ལུགས་དང་མཐུན་པའི་སྒོ་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐང་ཁ་རི་མོའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགོ་དངོས་སུ་ཚུགས་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད་པས་སླད་མུ་མཐུད་དེ་ཞང་བོད་ཐང་གའི་སྒྱུ་རྩལ་སློབ་གླིང་དུ་སློབ་ཁྲིད་ཀྱི་རྒྱུན་བསྐྱང་རྒྱུ་ཡིན་ཞེས་བརྗོད་པ་རེད།

        མིག་སྔར།    རྒྱལ་ཁབ་ཀྱིས་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་ཆེད་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དེས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།     རྒྱབ་ལྗོངས་དེའི་འོག་ཞང་བོད་སྒྱུ་རྩལ་སློབ་གླིང་སོགས་སྒྱུ་རྩལ་སློབ་གསོའི་སྒྲིག་འཛུགས་མང་དག་ཅིག་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་མི་རིགས་རིག་གནས་ཀྱི་སྙིང་བཅུད་རྒྱུན་འཛིན་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།