ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་ཞོགས་པ་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར། དབྱི་རན་འཕྲོད་བསྟེན་པུའུ་ཡི་གནས་ཚུལ་ཤེས་མཁན་མི་སྣས་བཤད་པར། དབྱི་སི་རལ་གྱིས་འཇབ་རྒོལ་བྱས་པའི་ནང་དབྱི་རན་མངའ་ཁོངས་ཀྱི་མི585གྲོངས་པ་དང་། དེ་མིན་མི1326ལ་རྨས་སྐྱོན་ཕོག་ཡོད།
ཉིན་དེར་དབྱི་སི་རལ་གྱི་མྱུར་སྐྱོབ་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། དབྱི་རན་གྱིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པའི་ནང་དབྱི་སི་རལ་གྱི་མི24གྲོངས་པ་དང་། མི1300ལྷག་ལ་རྨས་སྐྱོན་ཕོག་ཡོད།
ས་གནས་དེ་གའི་དུས་ཚོད་ཚེས17ཉིན། དབྱི་སི་རལ་གྱི་དམག་ཕྱོགས་ནས་སྤྱི་འབྲེལ་སྨྱན་སྦྱོར་ཐོག གནད་ལ་འཕིགས་པའི་གསང་འཕྲིན་དང་སྤྱི་ཚེས16ཉིན་གྱི་དགོང་མོར་གློ་བུར་དུ་ཐོན་པའི་གོ་སྐབས་ལ་བརྟེན་ནས། དབྱི་རན་ཏེ་ཧེ་ལན་གྲོང་ཁྱེར་ལྟེ་གནས་ཀྱི་བཀོད་འདོམས་ལྟེ་གནས་ཤིག་ལ་འཇབ་རྒོལ་བྱས་པས། དབྱི་རན་གྱི་དམག་འཐབ་སྐབས་ཀྱི་དྲག་ཇུས་དཔོན། ཆེས་མཐོའི་དམག་དོན་བཀོད་འདོམས་དཔོན། དབྱི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཧ་མེ་ནེ་དབྱི་དང་འབྲེལ་བ་ཟབ་ཤོས་བཅས་ཡིན་པའི་མི་སྣ་ཨ་ལི·ཧྲེ་ཏེ་མ་ཉི་གསོད་ཐུབ་བྱུང་ཞེས་བརྗོད་འདུག ཉིན་དེར་ད་དུང་དབྱི་སི་རལ་གྱི་འཐབ་ཇུས་བྱ་དོན་པུའུ་ཀྲང་ལོ་ཨེན·ཏེར་མོ་ཡིས་གསལ་བསྒྲགས་སྤེལ་བའི་ནང་། དབྱི་སི་རལ་གྱིས་དབྱི་རན་གྱི་ཡེའུ་རྒྱུ་སྙིང་འདུས་སྒྲིག་ཆས་གཏོར་བ་དང་། དབྱི་སི་རལ་ནས་ད་དུང་མུ་མཐུད་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་བརྗོད་འདུག ཡིན་ནའང་གསལ་བསྒྲགས་ནང་ཉིང་རྡུལ་སྒྲིག་ཆས་ཀྱི་ཁ་གྲངས་དང་གནས་ས་གླེང་མེད།

ཉིན་དེར་དབྱི་རན་དྲག་ཆས་དཔུང་སྡེའི་གསར་དུ་བསྐོ་གཞག་བྱས་པའི་དྲག་ཇུས་དཔོན་ཨབ་ཏུ་ལེ—ལ་ཞི་མུ·མུ་ས་ཝི་ཡིས། ད་ཕན་དབྱི་རན་ནས་སྤེལ་བ་ནི་ཕ་རོལ་ཟིལ་གྱིས་གནོན་པའི་ཐ་ཚིག་རང་བཞིན་གྱི་རྡུང་རྡེག་ཙམ་ཡིན། དོན་ངོ་མའི་ཆད་གཅོད་རང་བཞིན་གྱི་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཉེ་དུས་སྤེལ་རྒྱུ་ཡིན་ཞེས་བརྗོད་འདུག
གཞན་ཡང་ཨ་རིའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཤིག་གིས། ཨ་རིས་ས་དབུས་རྒྱ་མཚོ་ཤར་མར་མདེལ་ལམ་མེ་ཤུགས་འཕུར་མདེལ་འགོག་མཁན་མཚོ་དམག་དམག་གྲུ་དེ་བས་མང་བ་བཀོད་སྒྲིག་བྱེད་བཟོ་ཡོད་ཅེས་བརྗོད་འདུག དེའི་གོང་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་དམག་གི་ཉི་མི་ཚེ་རྟགས་ཅན་གྱི་དམག་གྲུ་ཨ་མས་ལམ་ཐིག་བསྒྱུར་ནས་དབུས་ཤར་ཕྱོགས་སུ་བསྐྱོད་བཞིན་ཡོད་ཅེས་བརྗོད་འདུག
ས་གནས་དེ་གའི་དུས་ཚོད་ཚེས17ཉིན། ཨ་རིའི་དཔོན་རིགས་མང་པོས། ཨ་རིས་དབུས་ཤར་ས་ཁུལ་དུ་དམག་འཐབ་གནམ་གྲུ་དེ་བས་མང་བ་བཀོད་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། ས་གནས་དེར་དམག་འཐབ་གནམ་གྲུ་གཞན་དག་བཀོད་སྒྲིག་བྱས་པའི་དུས་ཚོད་རིང་དུ་བཏང་ཡོད་ཅེས་བརྗོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། བཀོད་སྒྲིག་བྱས་པའི་དམག་འཐབ་གནམ་གྲུའི་ནང་དུ། F-16 དང་། F-22 F-35བཅས་ཡོད་པ་རེད། ཡིན་ནའང་ཨ་རིའི་དཔོན་རིགས་ཀྱིས་བྱེད་སྟངས་དེ་ནི་འགོག་སྲུང་གི་ཆེད་དུ་ཡིན་པ་དང་། བཀོད་སྒྲིག་བྱས་པའི་དམག་འཐབ་གནམ་གྲུ་དེ་དག་མི་མེད་གནམ་གྲུ་སོགས་མཁའ་དབྱིངས་ཀྱི་དམིགས་འབེན་འགོག་བྱེད་དུ་སྤྱོད་རྒྱུ་ཡིན་ཞེས་བརྗོད་འདུག