2025ལོའི་ཟླ9པའི་ཚེས7ཉིན། སྣ་དཀར་རྩེ་རྫོང་མི་དམངས་སྲིད་གཞུང་དང་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ཡིས་གཙོ་སྒྲུབ་དང་སྣ་དཀར་རྩེ་རྫོང་སློབ་གསོ་ཅུས(ལུས་རྩལ་ཅུས)དང་ཕུ་མ་བྱང་ཐང་ཞང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་པའི2025ལོའི་ཕུ་མ་གཡུ་མཚོའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་གྱིས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་དངོས་སུ་བཏོད་ཅིང་། དེའི་དམིགས་ཡུལ་ནི་འཛམ་གླིང་རིམ་པའི་གཟི་བརྗིད་ཀྱི་འགྲན་བསྡུར་ཞིག་གཏོད་རྒྱུ་དེ་རེད།
རྐང་འཁོར་ཞོན་ནས་ཕུ་མ་གཡུ་མཚོ་སྐོར་བའི་འགྲན་བསྡུར་ལ2024ལོརWRCAཡི་བདེན་དཔང་ཐོབ་པ་དང་། ས་བབ་མཐོ་བའི་ལུས་རྩལ་གྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་གསར་པ་བཏོད་ཡོད། 2025ལོར་འགྲན་བསྡུར་ཆེན་མོ་དེ་ཕྱོགས་ཡོངས་ཀྱི་རིམ་སྤེལ་གསར་པ་དེ“འགྲན་ལམ་གྱི་ས་བབ་ཆེས་མཐོ་ཤོས་ཀྱི་རྐང་འཁོར་འགྲན་བསྡུར”གྱི་མིང་གྲགས་ཐོབ་པ་རེད། གོ་ལ་ཧྲིལ་པོའིWRCAདངGWRགཉིས་ཀྱི་ཁས་ལེན་ཐོབ་པའི“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྐང་འཁོར་འགྲན་བསྡུར”གཅིག་པུར་དངོས་སུ་གྱུར་ཡོད།
འགྲན་བསྡུར་ནང་ཁྱོན་བསྡོམས་ཚོགས་ཆུང་ཁག་ཆེན་པོ་གསུམ་དབྱེ་ནས་ཁྱོན་མི75ཡོད་དེ། གཞུང་ལམ་གྱི་སྐྱེས་པའི་ཚོགས་ཆུང་གི་མི30དང་། རི་ཁུལ་གྱི་སྐྱེས་པའི་ཚོགས་ཆུང་གི་མི30དང་། རི་ཁུལ་གྱི་བུད་མེད་ཚོགས་ཆུང་གི་མི15བཅས་ཚུད་ཡོད། འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ34.27ཡིན་པ་དེ་མཚོ་མགོ་གྲོང་ཚོ་ནས་འགོ་བཙུགས་ཏེG219བརྒྱུད་ནས་མདུན་སྐྱོད་བྱས་ན་མཐར“སྤྲིན་རིམ་གྱི་གྲོང་ཚོ”ཞེས་གྲགས་པའི་འཐུས་གྲོང་ཚོར་སླེབས་ཀྱི་ཡོད། བདམས་ཐོན་པས་ལམ་བར་དུ་ཕུ་མ་གཡུ་མཚོའི་སྔོ་མདོག་གི་མཚེའུ་དང་གངས་དཀར་རི་བོའི་གཟི་རྔམ་ལ་ཞལ་མཇལ་ཐུབ་ལ། བོད་ལྗོངས་ཀྱི་གྲོང་ཚོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་ཟབ་མོ་བྱེད་ཐུབ།

བདམས་ཐོན་པའི་བདེ་འཇགས་དང་འགྲན་བསྡུར་གྱི་ཉམས་ལེན་འགན་ལེན་བྱ་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས་ཕྱོགས་ཡོངས་ཀྱི་འགན་སྲུང་མ་ལག་བཙུགས་ཡོད། འགོ་ཚུགས་ས་དང་དེ་བཞིན་སྤྱི་ལེ3རེའི་བར་ཐག་ཏུ་འཐུང་ཆུ་མཁོ་སྤྲོད་ས་ཚིགས་དང་སྨན་སྤྱོད་དབྱང་རླུང་མཁོ་སྤྲོད་ས་ཚིགས་ཡོད་པ་དང་། སྤྱི་ལེ10རེའི་བར་ཐག་ཏུ་འཐུང་ཆུ་ཚ་པོ་མཁོ་སྤྲོད་ས་ཚིགས་དང་། ཤན་འབྱེད་པ། སྨན་བཅོས་ལྟ་ཞིབ་ས་ཚིགས་བཅས་བཙུགས་ཡོད། འགོ་ཚུགས་ས་དང་མཇུག་མཚམས་སུ་ནུས་ཚད་མཁོ་སྤྲོད་ས་ཚིགས་དང་སྨན་བཅོས་མྱུར་སྐྱོབ་ས་ཚིགས་སོ་སོར་བཀོད་སྒྲིག་བྱས་ཡོད་པར་མ་ཟད། མྱུར་སྐྱོབ་རླངས་འཁོར་གྱི་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།

ས་མཐོའི་མྱུར་ཚད་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཚོགས་ཆུང་ཆེ་བ་གསུམ་གྱི་ཨང་དང་པོ་རིམ་པས་ཐོན་པ་དང་ཁོང་ཚོས་སྟོབས་ཤུགས་ལ་བརྟེན་ནས་སྤྲིན་རིམ་གྱི་འགྲན་ལམ་དུ་ངོ་མཚར་ཆེ་བའི་རྐང་རྗེས་བཞག་པ་རེད། དགྲ་ཤ་ལེན་མཁན་ཞེས་སུ་གྲགས་པའི་ཝུའུ་ཕུའུ་ཧྲི་རླངས་འཁོར་རུ་ཁག་ནས་ཡོང་བའི་ཧ་ཧོ་ལི་ཞི·ཧ་པུའུ་ཏེ་ལི་ལ་སྐྱེས་པའི་གཞུང་ལམ་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ། X-SOON-ཁུན་མིང77རྐང་འཁོར་གྱི་ཝང་ཤིན་ཨེར་བུད་མེད་རི་ཁུལ་ཚོགས་ཆུང་གི་ཨང་དང་པོ་བདེ་བླག་ངང་ཐོབ་པ་དང་སྤྲིན་མཐོའི་འགྲན་ལམ་ཐོག་གི་གཟི་འོད་འཕྲོ་བའི“བུད་མེད་ཀྱི་སྟོབས་ཤུགས”ཤིག་ཏུ་གྱུར་ཡོད། BATTLEཧྥུ་ཧྲི་ཏ་རླངས་འཁོར་རུ་ཁག་གི་ཧོང་ཧྲི་ཧའེ་ལ་སྐྱེས་པའི་རི་ཁུལ་ཚོགས་ཆུང་གི་ཨང་དང་པོ་ཐོབ་ཡོད།
ད་ཐེངས་ཀྱི་འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས་རྐང་འཁོར་ལ་དགའ་ཞེན་ཡོད་མཁན་རྣམས་ལ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་གྱི་འགྲན་ལམ་དུ་སྤོབས་པ་ཆེན་པོས་འགྱིང་བའི་གོ་སྐབས་སྤྲད་པར་མ་ཟད། དེའི་ནང་ཞུགས་མཁན་རྣམས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོའི་འགྲན་སློང་གི་བརྒྱུད་རིམ་ནང་དངོས་སུ་ཞུགས་ཐུབ་པ་བྱུང་།
སྤྱི་ལེ34.27བརྒལ་བའི་སྤྲིན་རིམ་གྱི་རྐང་འཁོར་འགྲན་བསྡུར་འདིས་འཛམ་གླིང་ལ་གངས་ལྗོངས་ས་མཐོའི་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཐོང་ཐུབ་པ་བྱུང་ཡོད། བདམས་ཐོན་པ་རྣམས་མཇུག་གི་ཐིག་སྣེ་ལས་བརྒལ་ནས་གཟི་བརྗིད་ཀྱི་རྟགས་མ་ལེན་པའི་དུས་སྐབས་དེར། མི་ཚང་མས་ཐུན་མོང་ཐོག་མཐར་ཟད་ལུས་རྩལ་ལ་གཏོགས་པའི་ངོ་མཚར་ཆེ་བའི་དུས་སྐབས་དེ་བདེན་དཔང་བྱས་པ་རེད།