ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞིས་རྩེའི་སྟོན་བསྡུ་ལས་དོན་མཇུག་འགྲིལ་ཉེར་ཡོད་པ།

སྤེལ་དུས 2025-10-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ10པའི་ཚེས9ཉིན་བར། གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་སྟོན་བསྡུའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་དང་སྤྱིའི་མྱུར་ཚད94.19%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ལོ་ཏོག་སྣ་ཚོགས་འདེབས་ཁྱོན་མུའུ་ཁྲི139.67ཟིན་པ་ལས་མུའུ་ཁྲི131.56བསྡུས་ཟིན་ཏེ་ལོ་ཧྲིལ་པོའི་ཞིང་ལས་ཐོན་མཐོ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
བོད་ལྗོངས་གཞིས་རྩེ་རྒྱལ་རྩེ་རྫོང་མཁར་སྨད་ཞང་གི་སྟོན་བསྡུའི་ཡུལ་དངོས།
བོད་ལྗོངས་གཞིས་རྩེ་རྒྱལ་རྩེ་རྫོང་མཁར་སྨད་ཞང་གི་སྟོན་བསྡུའི་ཡུལ་དངོས།
       བོད་ལྗོངས་ཀྱི་ཞིང་ལས་ཐོན་ཁུལ་གལ་ཆེན་ཞིག་ཡིན་པའི་གཞིས་རྩེས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོར་འཁུར་ནས་འབྲུ་རིགས་ལོ་ཏོག་བསྡུ་ཚད97.29%ཟིན་པའི་ནང་། ས་ཆ་དེ་གའི་འབྲུ་རིགས་ལོ་ཏོག་གཙོ་བོ་ཡིན་པའི་ནས་འདེབས་ཁྱོན་མུའུ་ཁྲི94.1ཟིན་པ་དང་། མུའུ་ཁྲི91.98བསྡུས་ཟིན་ཏེ་བསྡུས་ཚད97.75%ཟིན་ནས་ཕལ་ཆེར“འབྲུ་རྡོག་གཅིག་ཀྱང་མི་ལུས་པར་བསྡུ་ཐུབ་པ”བྱུང་ཡོད།
བོད་ལྗོངས་གཞིས་རྩེ་རྒྱལ་རྩེ་རྫོང་མཁར་སྨད་ཞང་གི་སྟོན་བསྡུའི་ཡུལ་དངོས།
བོད་ལྗོངས་གཞིས་རྩེ་རྒྱལ་རྩེ་རྫོང་མཁར་སྨད་ཞང་གི་སྟོན་བསྡུའི་ཡུལ་དངོས།
       དཔལ་འབྱོར་དང་ཁྱད་ལྡན་ལོ་ཏོག་ཐད་སྣུམ་ཞིང་ལོ་ཏོག་བསྡུས་ཚད98.79%ཟིན་ནས་རྗེས་མཐུད་ལས་སྣོན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་པ་དང་། སྔོ་ཚལ་དང་གཟན་རྩྭར་ཡང་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་མུའུ་ཁྲི12.55དང་མུའུ་ཁྲི་9.86སོ་སོར་བསྡུས་ཏེ་སྟོན་དུས་ཁྲོམ་ར་དང་དགུན་དུས་འབྲོག་ལས་ཀྱི་གཟན་རྩྭ་གྲབས་གསོག་གི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་ཡོད། 
བོད་ལྗོངས་གཞིས་རྩེ་རྒྱལ་རྩེ་རྫོང་མཁར་སྨད་ཞང་གི་སྟོན་དུས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ནས་ཞིང་། 
       མིག་སྔར་གཞིས་རྩེས་སྟོན་བསྡུ་མཇུག་བསྡུའི་ལས་དོན་དང་རྗེས་མཐུད་ཐོན་སྐྱེད་འབྲེལ་མཐུད་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ལ་འབྲུ་རིགས་ཉི་སྐམ་དང་། མཛོད་ཉར་དོ་དམ། དེ་བཞིན་སྟོན་ལོག་རྒྱག་པ། སྟོན་ཆུ་འདྲེན་པ། སྟོན་འདེབས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཏེ་སང་ལོའི་ཞིང་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།