བོད་ལྗོངས་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་དང“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་ཐོག་གྲོང་མིས་ཁྲིམས་ལུགས་ཁྱབ་གདལ་གྱི་འགྲེམས་པང་ལ་ལྟ་བཞིན་པ།
བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་མི་སྣས་ཕྲུ་གུར་གློག་རྡུལ་ཐ་མག་གི་གྲུབ་ཆ་དང་གནོད་སྐྱོན་སོགས་ཀྱི་ཤེས་བྱ་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣ་བསོད་སྒྲོན་གྱིས་གྲོང་མིར་ཁྲིམས་ལུགས་ཁྱབ་གདལ་ཤེས་བྱའི་སྒྲོག་འགྲེལ་འཕྲུལ་ཁྱིི་ངོ་སྤྲོད་བྱེད་བཞིན་པ།
ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གཙོ་བོ་རེད། ད་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཉིས་པ་ཡིན་པས། ཉིན་ཤས་བསྟུད་མར་ས་ཁུལ་ཁག་དང་ཚན་པ་ཁག་གིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ། རང་སྐྱོང་ལྗོངས་རིམ་པའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་དང“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་དེའང་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་གཟབ་རྒྱས་འཚོགས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཅང“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་དང“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་པ་དང་། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁྲིམས་ལུགས་ཁྱབ་གདལ་གྱི་འཐུས་མི། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བསྒྲིགས་པའི“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྲུབ་འབྲས་འགྲེམས་ཁུལ་གྱིས་པར་རིས་འགྲེམས་པང་དང་། དངོས་པོའི་འགྲེམས་སྟེགས། འགུལ་རིས་བརྙན་ཤེལ། དེ་བཞིན་གྲངས་འཛིན་འཕྲུལ་མི་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རང་ལྗོངས་སུ“ཆེད་དོན་བྱ་སྤྱོད་ཆེ་མོ་དྲུག”ལས་ཐོབ་པའི་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་བཤམས་པ་དང་། བོད་ལྗོངས་ཚོམས་ཆེན་གྱི་བརྙན་ཤེལ་ཐོག་རྒྱ་བོད་སྐད་ཡིག་གཉིས་ཀྱི་ལམ་ནས་ཁྲིམས་སྐྱོང་སྐོར་གྱི་ཀོ་ཕིག་དང་ཁྲིམས་ལུགས་དྲིལ་བསྒྲགས་ལ་ཐོབ་པའི་གྲུབ་འབྲས་རེས་སྐོར་གྱིས་བསྟན་པས་དེར་འདུས་པའི་མི་རྣམས་ཀྱིས་རྩ་ཁྲིམས་ལ་བརྩི་སྲུང་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱེད་དགོས་པའི་དྲན་སྐུལ་ཡང་ཡང་བྱས་པ་རེད། ད་དུང་ས་ཡུལ་དངོས་སུ་བཙུགས་པའི་བཅའ་ཁྲིམས་བློ་འདྲི་སྟེགས་བུས་མང་ཚོགས་ལ་ཁྱིམ་ཚང་གཏུམ་སྤྱོད་དང་། ངལ་རྩོལ་འགན་སྲུང་། འཛད་སྤྱོད་ཁེ་དབང་སོགས་ཁོངས་ཀྱི་ཞབས་ཞུ་དེ་མ་ཉིད་དུ་སྒྲུབ་བཞིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་མི་སྣས་ཕྲུ་གུར་གློག་རྡུལ་ཐ་མག་གི་གྲུབ་ཆ་དང་གནོད་འཚེ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། ན་སོ་དར་ལ་མ་བབས་པས་ཐ་མག་དང་གློག་རྡུལ་ཐ་མག་འཐེན་ཚེ་ཁྲིམས་ལས་འགལ་བ་སོགས་ཀྱི་སྐོར་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣ་བསོད་སྒྲོན་གྱིས། ང་ཚོས་ཁྲིམས་ལུགས་ཁྱབ་གདལ་སྔོན་ལ་སྤེལ་བ་དང་། འགལ་བ་དང་རྩོད་གཞི་སྔོན་ནས་སེལ་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་བརྟེན་ནས་འགན་ལེན་བཅས“སྔོན་སྤེལ་གཉིས་དང་འགན་ལེན་གཅིག”གི་ལས་ཀའི་བྱེད་སྟངས་བཏོད་ནས་གནས་ཚུལ་ཆུང་ངུ་གྲོང་ཚོ་ནས་ཐག་ཆོད་ཐུབ་པ་དང་། གྲོང་མིའི་སྒོ་རྩར་བསྐྱོད་ནས་འགལ་བ་དང་རྩོད་གཞི་སེལ་ཐུབ་པ། ཁྲིམས་ལུགས་ཁྱབ་གདལ་གྱི་སྐོར་སྐྱོད་ཁྲིམས་ར་བཙུགས་པ་སོགས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བཅའ་ཁྲིམས་ཀྱི་འགན་སྲུང་འཚོ་བ་དངོས་ནང་ལག་ལེན་ཐུབ་པ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
ད་ཐེངས་ཀྱི་བྱེད་སྒོ་ནི“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་ལ་གཅིག་སྡུད་ཞིབ་དཔྱད་བྱས་པ་ཞིག་རེད་ལ། དེ་བས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་གཏོད་འདི་ཉིད་རྒྱང་ལམ་གསར་པར་སྐྱོད་པའི་དམག་དུང་ཞིག་ཀྱང་རེད།