ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2025-12-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
  ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་གིས་ཕྱོགས་བསྡོམས་གསུང་བཤད་གནང་བ།
  ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས་པ།
  ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཟླ་12ཚེས་10ཉིན་ནས་ཚེས་11ཉིན་བར་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས་ཡོད།
  ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་ཁྲོད་2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། 2026ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཡོད། ལི་ཆང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་ཡོད།
  གྲོས་ཚོགས་ཐོག ད་ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ཐུབ་རྒྱུ་རེད། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་སྐྱོད་ཐུབ་པ་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་ཐེབས་པ། བསྒྱུར་བཅོས་སྒོ་དབྱེའི་ཐད་གོམ་སྟབས་གསར་པ་སྤོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་པ། དམངས་འཚོ་འགན་སྲུང་སྔར་བས་ནུས་ལྡན་བཅས་བྱུང་ཡོད། འདས་ཟིན་པའི་ལོ་ལྔའི་ནང་། ང་ཚོས་བརྡབ་གསིག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གལ་ཆེའི་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་འགྲིལ་ཉེར་ཡོད་པ། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བཙུགས་ཡོད་ཅེས་བསྟན་ཡོད།
  གྲོས་ཚོགས་ཐོག ལག་ལེན་བརྒྱུད་ང་ཚོར་དུས་བབ་གསར་པའི་འོག་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངོས་འཛིན་དང་མྱོང་ཚོར་གསར་པ་བྱུང་བ་སྟེ། ངེས་པར་དུ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བསྒྱུར་བཅོས་གསར་གཏོད་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་“ལྷུག་ཏུ་གཏོང་ཕོད་” ལ་“དམ་འཛིན་ཡག་པོ་ཐུབ་པ་”ཡང་བྱེད་པ། ངེས་པར་དུ་དངོས་པོའི་ཐད་མ་དངུལ་གཏོང་བ་དང་མི་སྣའི་ཐད་མ་དངུལ་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རང་ངོས་སྦྱོང་བརྡར་བྱེད་པར་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
  གྲོས་ཚོགས་ཐོག རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་སྔར་བཞིན་གནད་དོན་རྙིང་པ་དང་འགྲན་སློང་གསར་པ་མི་ཉུང་བ་ཡོད་པ་དང་། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་དང་ཤུགས་རྐྱེན་གཏིང་ཟབ་ཏུ་འགྲོ་བ། རྒྱལ་ནང་གི་མཁོ་སྤྲོད་མང་བ་དང་དགོས་མཁོ་ཉུང་བའི་འགལ་ཟླ་མངོན་གསལ་དོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཅུང་མང་བ་བཅས་རེད། དེ་དག་མང་ཆེ་བ་ནི་འཕེལ་རྒྱས་འགྲོ་བཞིན་པ་དང་བརྗེ་སྒྱུར་བྱེད་བཞིན་པའི་ཁྲོད་ཀྱི་གནད་དོན་ཡིན་པས། འབད་བརྩོན་བྱས་པ་བརྒྱུད་ཐག་གཅོད་བྱེད་ཐུབ། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། སེམས་ཤུགས་བརྟན་དུ་གཏོང་བ་དང་། བཟང་ཆ་བེད་སྤྱོད་ཡག་པོ་བྱེད་པ། འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། དཔལ་འབྱོར་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་ཡོད།
  གྲོས་ཚོགས་ཐོག སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་མགྱོགས་སུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འཐབ་རྩོད་ལ་གཅིག་གྱུར་འཆར་འགོད་སྔར་ལས་ཡག་པ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ཡག་པོ་བྱེད་པ། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། ནང་མཁོ་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་བ་དང་། མཁོ་སྤྲོད་ལེགས་སུ་གཏོང་བ། འཕར་འབོར་ལེགས་སུ་གཏོང་བ། གསོག་ཐེབས་ཕན་སྒྱུར། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་ངང་སྔོན་འགོག་དང་སེལ་བ། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་རྒྱག་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་དགོས་ཞེས་ནན་སྟོན་བྱས་ཡོད།
  གྲོས་ཚོགས་ཐོག སང་ལོའི་དཔལ་འབྱོར་ལས་དོན་དེ་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་དང་སྤུས་འབྲས་ལེགས་གཉེར་རྒྱུན་འཁྱོངས་བྱེད་པ། གསོག་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་ཀྱི་འདུས་གྲུབ་ཕན་ནུས་འདོན་སྤེལ་བྱེད་པ། དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་དགོས། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དགོས་ངེས་ཀྱི་ནོར་སྲིད་མཚལ་ཡིག་དང་། བུ་ལོན་གྱི་སྤྱིའི་གཞི་ཁྱོན། གཏོང་སྒོའི་སྤྱི་འབོར་བཅས་རྒྱུན་འཁྱོངས་བྱེད་པ། ནོར་སྲིད་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་དང་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ནོར་སྲིད་ཀྱི་དཀའ་ངལ་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ནས། གཞི་རིམ་གྱི་“འགན་ལེན་གསུམ་”གྱི་མཐའ་ཚད་བརྟན་པོ་སྲུང་དགོས། ནོར་དཔལ་སྒྲིག་ཁྲིམས་ནན་དུ་བཏང་ནས། ཏང་སྲིད་ལས་ཁུངས་ཀྱིས་བབ་ཆགས་པའི་འཚོ་བ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཅུང་གུ་ཡངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་ཟོག་གོང་ལུགས་མཐུན་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དངུལ་ལོར་སྲིད་ཇུས་ཀྱི་བསམ་གཞིགས་བྱ་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚད་བཅག་སྐྱེད་བཅག་སོགས་སྲིད་ཇུས་ཀྱི་ལག་ཆ་སྣ་ཚོགས་སྟབས་བསྟུན་ནུས་ཆེའི་སྒོ་ནས་བེད་སྤྱོད་བྱེད་པ།  འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱེད་པ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལམ་སྲོལ་ཤར་གཏོང་ཡོང་བ་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཀྱི་གཅིག་མཐུན་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། རིགས་ཁག་གི་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས་དང་། གསོག་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་བཅས་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཀྱི་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་འཇུག་དགོས། སྔོན་དཔག་གི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཀྱི་སེམས་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
  གྲོས་ཚོགས་ཐོག སང་ལོའི་དཔལ་འབྱོར་ལས་དོན་གྱི་གཤམ་གསལ་གྱི་གཙོ་གནད་ལས་འགན་ལ་དམ་འཛིན་བྱེད་དགོས་པ་གཏན་འཁེལ་བྱས་ཡོད་པ་སྟེ།
  གཅིག་ནི་ནང་མཁོས་གཙོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་འཛུགས་དགོས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་གྱི་འཆར་གཞི་གཏན་འབེབས་ལག་བསྟར་བྱེད་དགོས། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་རྒྱ་ཆེར་གཏོང་དགོས། གསར་གཉིས་སྲིད་ཇུས་ལག་བསྟར་བྱ་རྒྱུ་ལེགས་སུ་གཏོང་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་བྱེད་ཐབས་གཙང་བཤེར་བྱས་ནས། ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། མ་འཇོག་ཆག་མཚམས་ཆད་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་གཞི་ཁྱོན་འོས་འཚམ་ངང་ཆེ་རུ་གཏོང་བ། “ལྕི་གཉིས་”རྣམ་གྲངས་ལག་བསྟར་བྱ་རྒྱུ་ལེགས་སུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གྱི་སྤྱོད་སྒོ་དོ་དམ་ལེགས་སུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་དགོས།
  གཉིས་ནི་གསར་གཏོད་ལ་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གང་མགྱོགས་གཏོང་དགོས། སློབ་གསོ་ཚན་རྩལ་དང་ཤེས་ལྡན་མི་སྣ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་གོང་འཕེལ་ཇུས་གཞི་བཟོ་དགོས། པེ་ཅིང་(ཅིང་ཅིན་ཅི་)དང་། ཧྲང་ཧའེ་(འབྲི་ཆུའི་ཟུར་གསུམ་གླིང་) ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། ཁེ་ལས་ཀྱི་གསར་གཏོད་གཙོ་གཟུགས་ཀྱི་གནས་བབ་མངོན་གསལ་དོད་དུ་གཏོང་བ་དང་། གསར་དར་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་དང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ཇུས་གཞི་བཟོ་དགོས། གཙོ་གནད་ཐོན་ལས་སྦྲེལ་ཐག་གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རེས་སྐོར་གསར་པའི་བྱ་སྤྱོད་ལག་བསྟར་བྱེད་དགོས།  “མི་ཐབས་རིག་ནུས་+”རྒྱ་སྐྱེད་གཏིང་ཟབ་བྱས་ནས། མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་དགོས།
  གསུམ་ནི་བསྒྱུར་བཅོས་འགག་སྒྲོལ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་སྲོལ་ཡིག་གཏན་འབེབས་བྱས་ཏེ་“ནང་འདྲིལ་རྣམ་པའི་” འགྲན་རྩོད་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཁེ་ལས་ཀྱི་དངུལ་ ཆད་འགྱངས་བྱས་པ་གསབ་སྤྲོད་གང་མགྱོགས་བྱེད་དགོས། སྟེགས་བུའི་ཁེ་ལས་དང་སྟེགས་བུའི་ནང་གི་གཉེར་སྐྱོང་པ། ངལ་རྩོལ་པ་བཅས་ཐུན་མོང་ཐོག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། རྐྱེན་གཙོ་ཁྲོམ་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད་གཏོང་དགོས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་དགོས། དངུལ་རྩའི་ལས་ཁུངས་འབྲིང་ཆུང་གི་གྲངས་ཚད་ཉུང་དུ་བཏང་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ཕྱོགས་བསྡུས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།
  བཞི་ནི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་མང་པོའི་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་རང་བདག་སྒོ་དབྱེ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་བ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་བཀོད་སྒྲིག་ཁྱབ་ཁོངས་ལེགས་སུ་གཏོང་བ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཉོ་ཚོང་དང་མ་འཇོག་གཞི་གཅིག་ཅན་དང་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུ་ཕྱིར་གཏོང་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་ཉོ་ཚོང་དང་སྦགས་མེད་ཉོ་ཚོང་གོང་འཕེལ་ཧུར་ཐག་གཏོང་དགོས། ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་མ་འཇོག་གི་གྲོས་ཆོད་སྔར་ལས་མང་བར་གྲོས་མོལ་དང་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་དགོས།
  ལྔ་ནི་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་དམར་ཐིག་ནན་སྲུང་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ཐོག་ནས་དམ་འཛིན་བྱེད་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་ལ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རྒྱུན་ལྡན་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་གཅིག་གྱུར་ངང་ལག་བསྟར་བྱེད་པའི་ནང་བཅུག་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་པོ་མི་ཆགས་པ་བྱེད་པའི་མཐའ་ཐིག་བརྟན་པོར་སྲུང་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་བྱེད་དགོས། གྲོང་ཁྱེར་ཁྱུ་ཚོགས་གཙོ་བོའི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་ཁུལ་ལས་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་ཁུག་གཙོ་བོའི་སྤྱིའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།
  དྲུག་ནི་“ཐཱན་གཉིས་”ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བསྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནུས་ཁུངས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་གཏན་འབེབས་བྱས་ཏེ། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ལྗང་གློག་བེད་སྤྱོད་རྒྱ་ཆེར་གཏོང་དགོས། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་ཤུགས་ཆེ་རུ་གཏོང་དགོས། སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ལག་བསྟར་བྱས་ཏེ། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་རྒྱག་པ་དང་། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། “བྱང་གསུམ་”ལས་གྲྭའི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་སུ་གཏོང་རྒྱུ་ལག་བསྟར་བྱེད་དགོས། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ་དང་ཉེན་བརྡ་གཏོང་བའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་འབུད་བཤང་། གནོད་འགོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་བའི་ཆ་གང་མགྱོགས་གསབ་སྟེ། གནམ་གཤིས་ཆེས་ངན་པར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།
  བདུན་ནི་དམངས་འཚོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ལ་བྱ་བ་དངོས་མང་ཙམ་བསྒྲུབ་རྒྱུར་འབད་བརྩོན་བྱེད་དགོས། ལས་གནས་བརྟན་པོ་དང་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་མི་ཚོགས་ལས་ཞུགས་བརྟན་པོ་ཡོང་བ་དང་། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣ་རྣམས་ལས་བཟོ་པའི་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། སློབ་གསོའི་ཐོན་ཁུངས་ཀྱི་བཀོད་སྒྲིག་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་གནས་མཁོ་སྤྲོད་དང་སྤུས་ལེགས་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཚད་མང་དུ་གཏོང་དགོས། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལེགས་སྒྱུར་བྱེད་པ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ནད་གསོ་བདག་སྐྱོང་རྒྱ་སྐྱེད་རིམ་སྤོར་གྱི་ལས་གྲྭ་ལག་བསྟར་བྱེད་པ་དང་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ཁྱབ་གདལ་གཏོང་བ། དཀའ་ངལ་ཡོད་པའི་མི་ཚོགས་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉེན་སྒྲིག་དང་བུ་བཙའི་ལྟ་བ་བཟང་པོ་དར་སྤེལ་བཏང་ནས། གསར་སྐྱེས་མི་འབོར་གྱི་གཞི་ཁྱོན་བརྟན་པོ་ཡོང་བར་འབད་བརྩོན་བྱེད་དགོས། ཐོན་སྐྱེད་བདེ་འཇགས་དང་། གནོད་འགོག་གནོད་སེལ་གནོད་སྐྱོབ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས།
  བརྒྱད་ནི་མཐའ་ཐིག་བརྟན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཧུར་ཐག་དང་བརྟན་པོའི་ངང་སེལ་དགོས། ནུས་ཤུགས་ཡོད་རྒུས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་པ་དང་། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱེད་པ། འཕར་འབོར་ཚོད་འཛིན་དང་། མཛོད་ཉར་མེད་པར་བཟོ་བ། མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ། གསོག་འབོར་གྱི་ཚོང་ཟོག་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཐད་གཙོ་གནད་ཐོག་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ།“ཁང་པ་ཡག་པོ་”འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་གོང་འཕེལ་གཏོང་སྟངས་གསར་པ་མགྱོགས་མྱུར་ངང་གཏོད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་ཐག་གཅོད་ཧུར་ཐག་བྱས་ཏེ། ས་གནས་ཁག་གིས་རང་འགུལ་ངང་བུ་ལོན་སེལ་བར་སྐུལ་མ་གཏོང་བ་ལས། སྒྲིག་འགལ་གྱིས་མངོན་མེད་བུ་ལོན་གསར་དུ་བསྣན་མི་ཆོག བུ་ལོན་བསྐྱར་སྒྲིག་དང་བརྗེ་རེས་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་ཉེན་ཁ་སེལ་དགོས།
  གྲོས་ཚོགས་ཐོག རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་བྱས་ཏེ། རང་རྒྱལ་གྱི་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། འབྱུང་འགྱུར་གོང་འཕེལ་ལ་སེམས་ཤུགས་བརྟན་པོ་འཆང་དགོས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཧུར་བརྩོན་དང་དངོས་སྒྲུབ་ཀྱི་དམིགས་འབེན་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ། གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བའི་ཐད་ཚད་བརྒལ་སྔར་ལས་ཆེ་བ་ཡོང་བ་བྱས་ནས། གྲོང་མི་དང་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། བསྒྱུར་བཅོས་དང་སྲིད་ཇུས་ཀྱི་མཐུན་སྦྱོར་ཕན་ནུས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་དང་ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གནས་བབ་ཆེན་པོའི་ཁྲོད་སང་ལོའི་དཔལ་འབྱོར་ལས་དོན་གྱི་འགག་རྩའི་ཤུགས་རྒྱག་ས་ཁོང་དུ་ཆུད་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་རྒྱུར་དམིགས་ནས་ནང་ཁུལ་གྱི་དགོས་མཁོ་འཕར་བའི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་རྒྱུར་དམིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུར་དམིགས་ནས། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། དམངས་འཚོའི་ཕན་ཁེ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་དམིགས་ནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཐིག་བརྟན་སྲུང་བྱ་རྒྱུར་དམིགས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བའི་ལས་དོན་བརྟན་པོའི་ངང་ལེགས་པར་བསྒྲུབ་དགོས་ཞེས་བསྟན་ཡོད།
  གྲོས་ཚོགས་ཐོག ཏང་གིས་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཅིག་གྱུར་གྱི་བསམ་བློ་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ནས། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བསམ་ཕྱོགས་དང་། ལས་འགན། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ཀྱི་ཆེད་དུ་སྲིད་དོན་གྲུབ་འབྲས་གཏོད་རྒྱུ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་གྲུབ་འབྲས་གཏོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་། ཁྱད་པར་ཡོད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་《གྲོས་གཞི་》གཞིར་བཟུང་རྒྱལ་ཁབ་དང་ས་གནས་ཀྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་དང་ཆེད་དོན་འཆར་འགོད་བཟོ་སྒྲིག་བྱས་ཏེ། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཁོར་ཡུག་དང་། ཤེས་ལྡན་མི་སྣའི་ཁོར་ཡུག ཚོང་གཉེར་ཁོར་ཡུག གླེང་ཕྱོགས་ཁོར་ཡུག་བཅས་ཡག་པོ་བསྐྲུན་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཀྱི་དྲང་ནུས་སྐུལ་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
  གྲོས་ཚོགས་ཐོག ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སེམས་ཁུར་བྱེད་པ་དང་། དོན་རྐྱེན་ཚབས་ཆེན་དང་ཆེས་ཚབས་ཆེན་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
  གྲོས་ཚོགས་ཐོག ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ནས། སང་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་འབེན་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་འགོ་ཡག་པོ་འཛུགས་ཐུབ་པ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས་པ་རེད།
  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཁག་གཅིག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས་པ་རེད།