ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས3.28ལ་གནང་བའི་གསུང་བཤད།

བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ67འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད།

སྤེལ་དུས 2026-03-29 ཡོང་ཁུངས། རྩོམ་པ་པོ།

ཀརྨ་ཚེ་བརྟན།
             བློ་མཐུན་རྣམ་པ། གྲོགས་པོ་ཚོ།
             ལྷན་རྒྱས་སྐུ་ཁམས་བཟང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་། ལྔ་བཅོ་ལྔའི་འགོ་འཛུགས་ལོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། འབད་པས་མདུན་དུ་བསྐྱོད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པའི་སྐབས་འདིར། ང་ཚོས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཨང་བཅོ་བརྒྱད་པ་བསུས་ཡོད།
             ལོ67གྱི་གོང་དུ། མུན་ནག་དང་། གདུག་རྩུབ། ཀླ་ཀློ། རྗེས་ལུས་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་གཏོར་གཏོང་བའི་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་དེ་ཉིད་གནམ་ལྕགས་ཐོག་མདའ་འབབ་པའི་ཟིལ་ཤུགས་ལྟར་བོད་ལྗོངས་ཀྱི་ས་ཆར་བྱས། དུས་དེ་ནས་བཟུང་། གངས་ལྗོངས་ས་མཐོར་མི་ཡུལ་གསར་ཏུ་བརྗེས་ནས་མི་དམངས་རང་ཁྱིམ་རང་བདག་ཡིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛམ་གླིང་ས་ཡི་རྩེ་མོར་འགྱིང་ངེར་གནས། ལོ67གྱི་དཀའ་ཚེགས་བརྒྱུད་ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་ཐོབ་པ་དང་། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དང་གོང་འཕེལ་བྱུང་། བོད་ལྗོངས་རྙིང་པ་བརྒྱུད་མྱོང་བའི་མི་རྣམས་ལ་རྨི་ལམ་རྩུབ་པོ་དང་མི་ཡུལ་གྱི་དམྱལ་བ་འདྲ་བའི་དྲན་འཆར་བརྗེད་ཐབས་བྲལ།  ལྕེ་བྲེག་པ་དང་། སྣ་གཅོད་པ། རྐང་ལག་གཅོད་པ། མིག་རིལ་འདོན་པ། རྒྱུད་པ་འདོན་པ། པགས་པ་དམར་ཤུས་རྒྱག་པ། ཆུ་ལ་གསོན་གཡུག་གཏོང་བ་མ་ཟད་གདུག་རའི་བཙོན་དུ་འཇུག་པ་སོགས་ཁྲིམས་གཅོད་སྣ་ཁ་བཅུ་གྲངས་རང་དགར་ཞིང་བྲན་ལ་གཅོད་ཀྱི་ཡོད། བོད་ལྗོངས་གསར་པར་འཚོ་བཞིན་པའི་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཁག་ཕྱོགས་ཡོངས་དང་ངོ་ཐོག་རང་། ནུས་ལྡན་བཅས་ཀྱི་ལོངས་སུ་སྤྱོད་བཞིན་དུ་སེམས་ཤུགས་ཆེན་པོས་བྱ་གཞག་སྒྲུབ་པ་དང་།   དགའ་བའི་གཏམ་དང་བཅས་རྒྱལ་ཁམས་འགྲིམས་ཏེ། བོད་ལྗོངས་རྙིང་པའི་ཞིང་བྲན་ཚོ་གནས་བཟོད་བདེ་པོ་མེད་པ་དང་། འགྲོ་དུས་མགོ་བོ་སྒུར་ནས་འགྲོ་དགོས་པའི་གནས་བབ་དང་བསྡུར་བ་མངོན་གསལ་དོད་པོ་ཆགས་ཡོད། ལོ67གྱི་རིང་ལ་འབད་པ་ལྷོད་མེད་བྱས་པས།  དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་བ་དང་འཛུགས་སྐྲུན་འཕེལ་རྒྱས་ཆེན་པོ་བྱུང་བར་དཔང་པོ་བྱས་ཡོད། བོད་ལྗོངས་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བཟུང་བ་དང་།  ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པས། མི་དམངས་ཀྱི་ངལ་རྩོལ་འབྲས་བུ་རྦད་དེ་འཕྲོག་ནས་ཤི་ལ་ཁད་དུ་གྱར་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པས་བོད་ལྗོངས་གོང་འཕེལ་དང་ཡར་ཐོན་ཡོང་བའི་ལམ་ལུགས་ཀྱི་འགལ་རྐྱེན་རྦད་དེ་སེལ་ནས། འཛུགས་སྐྲུན་དང་གོང་འཕེལ་ཡོང་བའི་བརྗིད་ཆེའི་ལེའུ་ཕྱེ་ཞིང་། ལྷ་སའི་ཟམ་ཆེན་དང་པོ་དང་།    ཕྱོགས་བསྡུས་སྨན་ཁང་དང་པོ། དེང་རབས་ཅན་གྱི་བཟོ་གྲྭ་དང་པོ། སློབ་ཆེན་དང་པོ་སོགས་ཐོན་པ་ནས། གངས་ལྗོངས་ས་མཐོར་དུས་རྟག་ཏུ་འཕེལ་ཁ་རྒྱས་པ་དང་།    གང་སར་ཉམས་གསར་མངོན་པའི་བར། བོད་ལྗོངས་འདི་ཉིད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་མཚམས་གཏན་ནས་བཞག་མེད། གྲོང་གསར་བསྐོར་བ་ཞེས་པའི་གཞས་དེ་ལས་ཡར་ལངས་ཞིང་བྲན་གྱི་ཟོལ་མེད་སེམས་སྒྲ་མཚོན་པ་དང་། ཉེ་བའི་ལོ་ཤས་ཀྱི་ནང་དུ་དར་བཟོ་ཆེན་པོ་ཆགས་པའི་གྲོང་གསར་སླར་ཡང་བསྐོར་བ་ཞེས་པ་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ལོ67གྱི་བགྲང་བྱ་ལས་མི་དམངས་ཀྱི་སྐྱིད་པའི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ཡོད། བོད་ལྗོངས་རྙིང་པར་མི་རེའི་ཆ་སྙོམས་ཚེ་ཚད་ལོ35.5ཙམ་ལས་ཟིན་གྱི་མེད་པ་དང་། ཞིང་བྲན་བཅུ་རེའི་ནང་བཞི་ལ་བྱིས་དུས་སུ་རྐྱེན་ངན་འཕྲད་འགྲོ་གི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རྒྱ་ལྡན་ལ་བདེ་ཞིང་སྐྱིད་པའི་འཚོ་བ་གསར་པར་རོལ་རྒྱུ་བྱུང་ཞིང་། ཕྲུ་གུ་ཚོ་སྤྲོ་བས་སློབ་གྲྭ་བསྐྱོད་དེ་རིམ་པས་འཚར་ལོངས་བྱུང་བ་དང་། གཞོན་ནུ་ཚོས་ཕུགས་འདུན་དོན་དུ་གཉེར་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པ། བགྲེས་སོང་ཚོ་ཚེ་མཇུག་སྐྱིད་ལ་འཁྱོལ་བ་བཅས་བྱུང་ནས། དེང་གི་ཆར་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ72.5ཟིན་ཡོད། དིང་རིའི་ས་ཡོམ་རྗེས་ཀྱི་སླར་གསོ་སྐྱར་སྐྲུན་བྱ་རྒྱུ་གོད་ཆག་བྱུང་བའི་ལོ་དེ་རང་ལ་སྡོད་ཁང་གསར་པར་སྤོ་ཐུབ་སྟེ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད། ལོ67གྱི་སྐྱིད་སྡུག་སྤེལ་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་འབྱུང་འགྱུར་གཏོད་པར་དཔང་པོ་བྱས་ཡོད། བོད་ལྗོངས་རྙིང་པའི་མཐོ་རིམ་ལོག་སྤྱོད་ཤོག་ཁ་དང་བཙན་རྒྱལ་རིང་ལུགས་ངན་འབྲེལ་བྱས་ཏེ། མི་རིགས་ཀྱི་འབྲེལ་བར་རྐང་བཙུགས་ནས་དཀྲུག་ཤིང་སློང་བ་དང་། ཁ་བྲལ་ཟིང་སློང་བྱ་རྒྱུར་ངན་སྐུལ་བྱས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་སེམས་ལ་ཟུག་ནས་མི་རིགས་ཁག་ལྟ་རེས་སྐྱོང་རེས་དང་།    བརྩེ་བ་ཟབ་མོ་ལྡན་ཡོད་ཅིང་། མི་རིགས་ས་ཁོངས་རང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་ཆེ་མོའི་ལོ་རྒྱུས་བརྩམས་ཡོད། ལག་ལེན་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དང་། བོད་ལྗོངས་ཀྱི་གྲ་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་མི་སྲིད་པ་ར་འཕྲོད་ཡོད།
             ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས། རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་ཤུགས་ཆེན་བཅས་གནང་བས་བོད་ལྗོངས་འདི་ཉིད་གོང་འཕེལ་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ལ་སླེབས་ཡོད། ལྔ་བཅུ་བཞིའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་གཉིས་ཕེབས་པས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་གཉིས་གཏོད་པ་མ་ཟད་དཀར་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ་དང་། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་རུ་ཁག་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་སོགས་ལས་བོད་ལྗོངས་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་བྱེད་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་པ་མཚོན་གྱི་ཡོད། བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་སྟོང་གི་སྐས་རིམ་ལས་ཐེངས་གཉིས་བརྒལ་ཞིང་། དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོའི་འཕར་ཚད་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། སེམས་ཤུགས་རབ་འཕེལ་དང་ལས་ལ་ཧུར་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད། འདི་ནི་དྲིན་གཟོ་འབད་འབུངས་དང་། གོ་སྐབས་མང་བའི་དུས་རབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། བཀོད་ཁྱབ་འཆར་འགོད་བཏིང་བ་དེ་ནི། བོད་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་ཡོང་བའི་འགན་སྲུང་ཆེ་ཤོས་ཡིན་པ་དང་།  རྒྱལ་ཁབ་ཀྱི་འཐབ་ཇུས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་ཐེབས་པ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཆེ་ཤོས་ཡིན། འདི་ནི་སྤུས་དག་གོང་འཕེལ་གཏོང་བ་དང་རྒྱུ་སྤུས་དག་པའི་འཚོ་བར་རོལ་བའི་དུས་རབས་ཡིན་ཞིང་།   དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་ཇེ་མགྱོགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་པོས་འཕར་བ།   སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། སྐྱེ་ཁམས་དང་མཐའ་མཚམས་བདེ་འཇགས་ཀྱི་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་པ།  ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་མདངས་མངོན་པ་བཅས་བྱུང་ཞིང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་དོད་པ་དང་། སྐྱིད་སྣང་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད། འདི་ནི་སྒོ་དབྱེ་མཉམ་སྤྱོད་དང་ཕྱོད་ཆེ་སྟབས་བདེའི་དུས་རབས་ཤིག་ཡིན།  རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ200ལྷག་དང་། ལྕགས་ལམ་སྤྱི་ལེ1359དང་། གཞུང་ལམ་སྤྱི་ལེ་ཁྲི12.52བཅས་ཟིན་ནས།  གང་འགྲོའི་ས་ལ་སླེབས་པ་དང་། ཟོག་འགྲུལ་ཤར་གཏོང་ཐུབ་རྒྱུ་འགན་སྲུང་ཐུབ་ཡོད། སྒོ་ནས་དོན་མ་ཐག་ཏུ་རླངས་འཁོར་ལ་བསྡད་ཆོག་པ་དང་། གྲོང་ཚོའི་ནང་ནས་མྱུར་སྐྱེལ་ལེན་ཆོག་པ་དེ་བསམ་འདུན་ནས་མངོན་སུམ་ལ་གྱུར་ཞིང་། ཞོགས་པ་ལྷ་སར་གསོལ་ཇ་སྲུབས་མ་འཐུང་བཞིན་དུ་དགོང་མོ་ཧར་པིང་དུ་འཁྱགས་བརྙན་ལ་བལྟ་ཐུབ་པ་བྱུང་ཡོད། འདི་ནི་མཉམ་འདུས་གཏིང་ཟབ་དང་ཀུན་སེམས་སྒྲིལ་ནས་ཕུགས་འདུན་གཉེར་བའི་དུས་རབས་ཤིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ལ་ཟུག་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཕན་ནུས་བཟང་པོ་ཐོན་ནས།  ཆོས་དོན་ལམ་ལྷོངས་དང་སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་བརྟན་དུ་ཕྱིན་ཞིང་། མི་རིགས་ཁག་གི་མི་དམངས་མང་ཚོགས་སེ་འབྲུའི་རྡོག་པོ་ཇི་བཞིན་དམ་དུ་སྦྲེལ་ནས་དེང་རབས་ཅན་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་བཞིན་ཡོད།
             བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན། ང་ཚོས་བློ་བརྟན་འགྱུར་བ་མེད་པར་ཏང་གི་རྗེས་སུ་འབྲངས་ཏེ་གཏན་འཁེལ་གཉིས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཀོད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། བརྟན་ལྷིང་དང་གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེ་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ལྷོད་མེད་བྱས་ཐོག རིག་པ་གཅིག་ལ་སྒྲིམ་པ་དང་། ནུས་ཤུགས་གཅིག་ལ་བཏོན་ནས། བློ་བརྟན་འགྱུར་བ་མེད་པར་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཐོག སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་དམངས་ལ་ཕན་བདེ་སྐྲུན་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས་སྔ་ཕྱི་བར་གསུམ་དུ་མི་དམངས་རྩ་རྩེར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཚང་དགོས་པ་གསུམ་དང་ཕན་གདགས་པ་གཅིག་གི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས།   དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། དམ་པ་དོན་གཉེར་བྱས་ནས་སྲིད་དོན་ལས་རྗེས་ཐོན་པ་བྱས་ཁར་སྲིད་དོན་ལས་རྗེས་ངོ་མ་དེ་མང་ཚོགས་ཀྱི་སེམས་དབུས་སུ་འཇོག་ཐུབ་པ་དགོས། ང་ཚོས་དམིགས་ཚད་གཏན་འཁེལ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་སྟེ། སྤྱོད་ཚུལ་ལེགས་བཅོས་དང་། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཐོག་འཕྲལ་དུ་སྒྲུབ་པ་དང་། དམ་པ་དོན་གཉེར་བྱས་ནས་ལྔ་བཅོ་ལྔའི་འགོ་ཡག་པོ་འཛུགས་པ་དང་བོད་ལྗོངས་ཀྱི་བྱ་གཞག་ཁག་བརྟན་བགྲོད་ཕུགས་འཕེར་གྱི་འཕེལ་རྒྱས་ཡོང་བ་བྱེད་དགོས། ང་ཚོས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་ལེ་ཚན་གསར་པ་རྩོམ་དགོས་ཤིང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་རང་འགུལ་སེམས་པ།  གསར་གཏོད་བྱེད་ཤུགས་བཅས་འཕེལ་བ་བྱས་ཏེ། དྲང་ནུས་ཤུགས་ཆེན་གཅིག་ཏུ་བསྡུ་བ་དང་། མཐུན་ཆ་ཆེ་ཤོས་ཡོང་ཐབས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་དེ།  མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས།
             བློ་མཐུན་རྣམ་པ།  གྲོགས་པོ་ཚོ། བརྩོན་འགྲུས་སྐྱ་བར་བརྟེན། འབད་པའི་ལམ་ལ་གཞོལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ཏུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྟ་ཕོ་ལྕག་གིས་བསྐུལ་བ་དང་། དམ་པ་དོན་གཉེར་བྱས་ནས།  རྒྱང་ལམ་གསར་པའི་ཐོག་ཏུ་འགན་འཁྲི་གསར་པ་མངོན་པ་དང་། ལས་རྗེས་གསར་པ་འཇོག་དགོས།
             རླབས་ཆེ་བའི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཤོག
             བོད་ལྗོངས་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་བར་ཤོག

རྩོམ་སྒྲིག་པ།  རིག་གྲོལ།