ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཞིང་འབྲོག་པའི་འབབ་འཕར་ཡུལ་དངོས་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2026-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་གྱི་ཡུལ་དངོས་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཚོགས་འདུའི་ཐོག་ཞིང་འབྲོག་པའི་ཡོང་འབབ་དེ་བས་མང་དུ་འགྲོ་བའི་བརྗོད་དོན་གཙོ་བོར་ཐད་ཀར་དམིགས་ཏེ་བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དང་ལྷག་པར་དུ2025ལོའི་ཞིང་འབྲོག་པའི་འབབ་འཕར་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱས་པ་དང་འབྲེལ། 2026ལོའི་གཙོ་གནད་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་ཀྱང་བྱས། 

ཚོགས་འདུའི་ཡུལ་དངོས།
            “ལོ་ལྔ་ཚན་བཅོ་ལྔ་པའི”ནང་བོད་ལྗོངས་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་དང2026ལོའི་ཡོང་འབབ་འཕར་ཚད8%ཙམ་ཟིན་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ནས། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས《2026ལོར་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱ་ཐབས་འགའ་ཞིག》(གཤམ་དུ《སྲིད་ཇུས་དང་བྱ་ཐབས་འགའ་ཞིག》ཞེས་བསྡུ་རྒྱུ)ཞིབ་འཇུག་བྱས་ཏེ་བཟོས་པ་རེད། 
            《སྲིད་ཇུས་དང་བྱ་ཐབས་འགའ་ཞིག》ནང་གླ་ཕོགས་རང་བཞིན་དང་། གཉེར་སྐྱོང་རང་བཞིན། རྒྱུ་ནོར་རང་བཞིན། སྤོ་སྒྱུར་རང་བཞིན་བཅས་ཀྱི“ཡོང་འབབ་ཆེན་པོ་བཞི”ནས་འགོ་བཙུགས་ཏེ་ཕྱོགས་བཅུའི་ཐད་ཀྱི་བྱ་ཐབས་དང་ཞིབ་ཕྲའི་ལས་འགན་ཁག20ཁ་གསལ་བཟོས་ནས་ལག་བསྟར་བྱ་རྒྱུ་རེད།
            བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་མཐུན་སྦྱོར་ལམ་སྲོལ་གཞུང་དོན་ཁང་གིས་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་དང་མཐུན་སྦྱོར་བྱེད་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ཡོང་འབབ་ཐད་སྲིད་ཇུས་ཀྱི་ཕན་ནུས་ཏན་ཏིག་མངོན་པ་བྱ་རྒྱུ་རེད། 

ལྷ་ས་ལྷུན་གྲུབ་རྫོང་བྱང་ཁ་གྲོང་རྡལ་མདུན་གྲོང་གྲོང་ཚོའི་ཞིང་ནང་དུ་བཞག་པའི་དེང་རབས་ཅན་གྱི་ཞིང་འཕྲུལ།
            ཚོགས་འདུའི་ཡུལ་དངོས་སུ་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་བཅས་ཀྱི་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་ཚོས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་འཚོལ་ཞིབ་ཐུབ་པའི་ཁྱད་ལྡན་འབབ་འཕར་ཐབས་ལམ་མཉམ་སྤྱོད་བྱས་པ་རེད། 
            2025ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29189ཟིན་པ་དེ་དུས་མཚུངས་ལས7.5%འཕར་བ་དང་། ཞིང་འབྲོག་མང་ཚོགས་ཁྲི9.01ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར10.5ཟིན་པ་དང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད38%ལས་བརྒལ་ཡོད། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་ད་དུང་རྒྱུ་ནོར་རང་བཞིན་གྱི་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱས་པ་བརྒྱུད། རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་ཚད་ལྡན་ཅན་གྱི་གྲོང་ཁྱེར་ཡོངས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཉོ་ཚོང་རྣམ་གྲངས540ལེགས་གྲུབ་བྱུང་བ་དང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར2.58ཟིན་ཏེ་རྒྱུན་འཁོར་གྱི་གནས་ཐང་འཕར་བའི་ཁེ་བཟང་སྒོར་ཁྲི2084.5ཟིན་ཡོད། 
            2025ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་དོན་ཚན44བཏོན་པ་དང་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར2.03འབབ་འཕར་གྱི་སྲིད་ཇུས་ཐད་སྤྱད་ཡོད། ད་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་གསོག་འབོར་དང་འཕར་འབོར་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”རྒྱུན་བསྲིང་ལྷོད་མེད་ངང་ཡག་པོ་སྤྱད་དེ་ཡོང་འབབ“མཐོ་གཏོང་བཞིར”དམིགས་ནས་སྲིད་ཇུས་དང་བྱ་ཐབས་ཁག21དང་དེ་བཞིན་གཙོ་གནད་ལས་འགན་ཁག་བགོས53ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར2.6བཏང་སྟེ་འབབ་འཕར་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། མ་དངུལ་སྔོན་རྩིས་ན་ནིང་ལས28%འཕར་ནས “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། 

མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་ལས་ཀ་བྱེད་བཞིན་པའི་ས་གནས་དེ་གའི་མང་ཚོགས།
            སྤོ་མེས་རྫོང་གིས་ཐོན་ལས་དར་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཤིང་། ནགས་ཁྲོད་ར་མོ་ཤག་ཆེན་འདེབས་གསོའི་དཔེ་སྟོན་རྟེན་གཞི་མུའུ2900བསྐྲུན་ནས། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི4500ཟིན་ཏེ་ཞིང་པར་འབབ་འཕར་སྒོར་ཁྲི1620ལྷག་ཙམ་བཏོད་རོགས་བྱས་པ། ས་བབ་མཐོ་བའི་སྐྱེ་ལྡན་ཇ་ཞིང་མུའུ7219ཞིབ་ཚགས་ངང་བཏབ་ནས་རིམ་རྩིས་བྱས་ན་མང་ཚོགས1200ལྷག་ཙམ་ལ་འབབ་འཕར་སྒོར་ཁྲི780ཡོང་བར་སྐུལ་ཁྲིད་བྱས་པ། ཞོག་ཁོག་གི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་བཏང་ནས། ལྟེ་བའི་ཐོན་ལས་ཁུལ་མུའུ1320བསྐྲུན་པ་དང་། བོད་ལྗོངས་ཕྱིར་སྤུས་ལེགས་ཞོག་ཁོག་ཏུན2000ལྷག་ཙམ་ཕྱིར་གཏོང་བྱས་པ། མང་ཚོགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི1.02ཡོང་བར་སྐུལ་ཁྲིད་བྱས་པ། སོན་བཟང་འདེབས་གསོའི་ཐད“མུའུ་བརྒྱའི་ཚོད་ལྟའི་ཞིང་ཁ”ནས་ཞང་གྲོང་གསུམ་ལས་བརྒལ་བའི“མུའུ་སྟོང་གི་ལྟེ་བའི་ཁུལ”དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི1.16ཡོང་བར་སྐུལ་ཁྲིད་བྱས་ཡོད། 
            དིང་རིའི་ས་ཡོམ་རིམ་པ6.8ཀྱི་གནོད་འཚེ་ཕོག་པའི་རྫོང་གི་གྲས་ཤིག་ཡིན་པའི་ངམ་རིང་རྫོང་དུ2025ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས13.3%འཕར་ནས་འཕར་ཚད་བོད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། རྣམ་གྲངས་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང་འགན་འཁྲི་གཙང་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གེགས་རྗེས་བསྐྱར་སྐྲུན་སོགས་རྣམ་གྲངས་གལ་ཆེན62ནུས་ཤུགས་ཡོད་རྒུས་སྐྲུན་མགྱོགས་སུ་བཏང་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར49.6ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས68.1%འཕར་བ། ས་གནས་དེ་གའི་མང་ཚོགས་མི་ཐེངས་ཁྲི3.5ལས་ཞུགས་ཐུབ་ནས་འབབ་འཕར་སྒོར་དུང་ཕྱུར1.62བྱུང་ཡོད། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ་དང་ཆབས་ཅིག་མང་ཚོགས་ཡོང་འབབ་ཀྱང་མང་དུ་ཏན་ཏིག་ཕྱིན་ཡོད། 

འཚོ་བརྟེན་ལས་སྤྲོད་བྱས་ཏེ་དིང་རི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཐག་ཉེ་སར་བཟོ་ལས་བྱེད་བཞིན་པ།
            དགེ་རྒྱས་རྫོང་གིས་བཤས་གཏོང་ཁ་གསབ་དོན་འཁྱོལ་བྱས་ནས “ལག་ཡོད་སྒོ་ཕྱུགས”དངུལ་སྨར་འགྱུར་བར་སྐུལ་འདེད་བཏང་བ་དང་། སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མང་ཚོགས་ཀྱིས་སྒོ་ཕྱུགས་གསོད་འཚོང་ཚོད་འཛིན་བྱེད་པའི་འདུ་ཤེས་འགྱུར་རྒྱུར་ཁྲིད་སྟོན་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་གསོ་ཚགས་དང་དུས་ཐོག་ཏུ་བཤས་གཏོང་བའི་འདུ་ཤེས་འཛུགས་ཐུབ་པར་བྱས་ཤིང་། རྫོང་ཡོངས་སུ་སྒོ་ཕྱུགས་མགོ་གྲངས་ཁྲི17.76བཤས་བཏང་ནས་བཤས་བཏང་ཚད་མངའ་རིས་ས་ཁུལ་གྱི་རྫོང་བདུན་གྱི་ཨང་དང་པོར་སླེབས་ཡོད། མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཚོང་འདུས་ཐོག་དགེ་རྒྱས་རྫོང་གིས་ལེགས་ཆ་ཤུགས་ཆེན་ལ་བརྟེན་ནས་ཕྱིར་ཚོང་གྲངས་འབོར་ལོ་གསུམ་བསྟུད་མར་མངའ་རིས་ས་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། 2025ལོར་སྒོར་ཁྲི1800ལྷག་ཙམ་ཟིན་པ། རིམ་རྩིས་བྱས་ན་ཕྱིར་ཚོང་ཁ་གསབ་དངུལ་སྒོར་ཁྲི481.43སྤྲད་པས“ལྷས་ར་དང་ལུག་རའི་ནང་གི་ནོར་ལུག”དག་དངུལ་ཁུག་ནང་གི་དངུལ་སྨར་ལ་དངོས་འབྲེལ་འགྱུར་ཐུབ་ཡོད། 
            ཚེས27ཉིན་གྱི་སྔ་དྲོར་ཚོགས་ཞུགས་མི་སྣས་ད་དུང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྟོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་གི་བུད་མེད་ཀྱི་འཁེལ་འཐག་རོགས་སྐྱོར་འཁོར་ཁང་དང་། བོད་ལྗོངས་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི། ཆུ་ཤུར་རྫོང་ལོ་ཡག་ཞིང་འཕྲུལ་བོགས་གཏོང་ཉམས་གསོ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་། ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་མེ་ཏོག་ཧུང་ཀྲང་འདེབས་འཛུགས་རྟེན་གཞི་སོགས་སུ་ལྟ་སྦྱོང་བྱེད་པར་བསྐྱོད་ཅིང་། དཔེ་མཚོན་གསོན་པོ་རེ་རེ་དང་ཆ་ཚང་བའི་ཐོན་ལས་འཁོར་འབྲེལ་རེ་རེ་ལས་ཚང་མའི་བསམ་ཕྱོགས་རྒྱ་ཆེར་ཕྱིན་པ་དང་སྤེལ་རེས་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱུང་ཡོད། 
            སྲིད་ཇུས་བཏོན་པ་ནས་ཉམས་མྱོང་མཉམ་སྤྱོད་བྱས་པའི་བར་དང་། ལས་ཞུགས་སྐུལ་ཁྲིད་ནས་ཐོན་ལས་སྣེ་ཁྲིད་བར། སྒྱུར་བཅོས་ཀྱིས་མཐུན་རྐྱེན་སྦྱོར་བ་ནས་སྲིད་ཇུས་ཀྱི་འདེགས་སྐྱོར་བྱས་པའི་བར། ཡུལ་དངོས་ཀྱི་ཚོགས་འདུ་དེས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། དམིགས་ཚད་གཏན་འཁེལ་དང་ལམ་བུ་ཁ་གསལ་བྱུང་བས། གངས་ལྗོངས་ས་མཐོར“ཐོན་ལས་དར་རྒྱས་དང་འཚོ་བ་འབྱོར་ཕྱུག”གི་གྲོང་གསེབ་དར་རྒྱས་ཀྱི་དཔེ་རིས་གསར་པ་ཞིག་མགྱོགས་མྱུར་མངོན་བཞིན་ཡོད། 

རྩོམ་སྒྲིག་པ། དཔལ་གཡང་།