ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་ཟློས་གར་ཐོག་མ་འཁྲབ་སྟོན་བྱས།

སྤེལ་དུས 2026-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ67འཁོར་བར་དྲན་གསོ་ཞུ་ཆེད། ཟླ3པའི་ཚེས27ཉིན་གྱི་དགོང་མོ་བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་ཟློས་གར་ཐོག་མ《སླར་ཡང་གོས་འཁྲུའི་གླུ་གཞས་ལེན》ཞེས་པ་དེ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་བྱས་པ་རེད། ཟློས་གར་དེ་ནི་གླུ་གཞས་རྙིང་པ《གོས་འཁྲུའི་གླུ་གཞས》ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། དེང་རབས་ཀྱི་བོད་རིགས་རིག་རྩལ་ལས་དོན་པ་སྒྲོལ་དཀར་དང་མཐའ་སྲུང་དམག་མི་ཀྲང་ཞིན་ཁྲེན་གྱིས་ཕུགས་འདུན་དང་བརྩེ་དུང་གི་ཆེད་དུ་ཕན་ཚུན་ལྟ་རེས་སྐྱོང་རེས་བྱས་ཏེ།  མཐར་བོད་ལྗོངས་སུ་གཞིས་ཆགས་པའི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་བརྗོད་ཡོད།
       
       
            《གོས་འཁྲུའི་གླུ་གཞས》ཞེས་པ་དེ་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ཐོག་མའི་དུས་སྐབས་སུ་བྱུང་བ་དང་། དེའི་ཁམས་དྭངས་ལ་འཁྲུག་ཆ་དོད་པའི་ཉམས་འགྱུར་དང་། འགྲོས་མགྱོགས་པའི་སྟངས་སྟབས། རྒོད་བྲོ་བའི་རྣམ་པ། གཏིང་ཟབ་པའི་བརྗོད་བྱར་བརྟེན་ནས། མི་རིགས་མཐུན་སྒྲིལ་དང་དམག་དམངས་མཐུན་སྒྲིལ་ལ་བསྟོད་གླུ་ཕུལ་ཡོད། ལོ་བཅུ་ཕྲག་འགའི་རིང་། གླུ་གཞས་དེ་ཕྱོགས་བཞིར་གྲགས་ནས་དུས་རབས་ཀྱི་དཔང་པོ་ལྟ་བུར་གྱུར་ཡོད། ལོ་གཉིས་ལྷག་གི་རིང་ལ་གྲ་སྒྲིག་ཨང་བསར་བྱས་པ་བརྒྱུད། དུས་རབས20པའི་ཞབས་བྲོ་དང་རོལ་དབྱངས་ཡག་ཤོས་ཀྱི་ལོ་རྒྱུས་སུ་བཀོད་པའི《གོས་འཁྲུའི་གླུ་གཞས》ཞེས་པ་དེ་ཐེངས་དང་པོར་རོལ་དབྱངས་རྣམ་པའི་ཐོག་ནས་གར་སྟེགས་སྟེང་འཁྲབ་པས།  ཐུན་མོང་མ་ཡིན་པའི་གསོན་ཤུགས་མངོན་ཡོད།

      
            རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི2025ལོའི་ལོ་འཁོར་གྱི་གར་སྟེགས་སྒྱུ་རྩལ་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་དང་། བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་པའི་རོལ་དབྱངས་ཟློས་གར་ཏེ།  《སླར་ཡང་གོས་འཁྲུའི་གླུ་གཞས་ལེན》གྱིས་བརྩམས་ཆོས་ཕུལ་བྱུང་སྟེ།  《གོས་འཁྲུའི་གླུ་གཞས》ཞེས་པའི་འགྱུར་ཁུག་དང་བརྗོད་དོན་ལ་དམ་པོར་དམིགས་ནས། མ་རྩོམ་གྱི་སྙིང་དོན་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་ལ་བློ་ཁོག་ཆེན་པོས་གསར་གཏོད་དང་ཐོད་བརྒལ་བྱས་ཏེ། རང་ས་རང་ཡུལ་གྱི་ཁྱད་ཆོས་མངོན་པའི་ཁར་དེང་རབས་ཀྱི་དར་སྲོལ་དང་མཉམ་འདྲེས་བྱས་ཡོད། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་ཀའོ་དབྱིང་གིས “ཞབས་བྲོའི་སྟངས་སྟབས་ནས་འཁྲབ་སྟོན་གྱི་རྣམ་འགྱུར་བར། རོལ་དབྱངས་ཟློས་གར་དང་ཞབས་བྲོའི་ཟློས་གར། གླུ་གར་སོགས་གར་སྟེགས་སྒྱུ་རྩལ་དང་ཁྱད་པར་ཡོད་ཅིང་། བོད་ལྗོངས་ཀྱི་རོལ་དབྱངས་ཟློས་གར་ཐོག་མ་ཡག་པོ་འཁྲབ་ཐུབ་ཆེད། ང་ཚོས་གྱོན་ཆས་དང་གློག་འོད། སྒྲ་དབྱངས། དེ་བཞིན་ཀུན་འདུས་སྨྱན་སྦྱོར་བེད་སྤྱོད་བྱེད་སྟངས་སོགས་ཀྱི་ཐད་གསར་གཏོད་དང་ལག་ལེན་ཚོད་ལྟ་འབོར་ཆེན་བྱས་པས། ལྟད་མོ་བ་ཚོར་སྒྱུ་རྩལ་གྱི་ཉམས་སྣང་གསར་རྐྱང་ཞིག་སྦྱིན་ཐུབ་པའི་ཡིད་ཆེས་ཡོད”ཅེས་ངོ་སྤྲོད་བྱས།
   
       
            འཁྲབ་སྟོན་ཡུལ་དངོས་སུ།  ལྟད་མོ་བ་ཚོས་ཟློས་གར་གྱི་ནང་དོན་དང་བསྟུན་ནས་དམག་སྡེ་བཅོ་བརྒྱད་པ་བོད་ལྗོངས་སུ་དཔུང་སྐྱོད་བྱས་པའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་རྣམ་པར་བསྐྱར་དུ་མངོན་པར་བྱས་ནས།  བོད་རིགས་བུ་མོ་སྒྲོལ་མ་དང་། དམག་སྡེ་བཅོ་བརྒྱད་པའི་སྨན་བཅོས་རུ་ཁག་གི་འཐབ་འཛིང་པ་ཀྲང་ཆི་ཞིང་། ས་གནས་དེ་གའི་མང་ཚོགས་དང་དམག་མིའི་དབར་གྱི་མི་རིགས་མཐུན་སྒྲིལ་དང་དམག་དམངས་དབར་གྱི་ཆུ་དང་ཉ་མོ་ལྟ་བུའི་བརྩེ་སེམས་ཟབ་མོ་མཚོན།  འཁྲབ་སྟོན་མཇུག་བསྒྲིལ་སྐབས་སུ།  ལྟད་མོ་བ་ཚོས་ཡིད་ཚིམ་པའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།  “བརྩམས་ཆོས་ཧྲིལ་པོར་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བརྩེ་སེམས་ཀྱི་མཚོན་དོན་ཟབ་མོ་ལྡན་པས། གླུ་གཞས་རྙིང་པར་བསྐྱར་ལེན་བྱས་པ་ཞིག་ཡིན་ལ། དེ་བས་དུས་རབས་ཀྱི་སྙིང་སྟོབས་དང་ཡོངས་སུ་མཐུན་པར་གྱུར་ཡོད”ཅེས་གྲོང་མི་པ་སངས་ཚེ་རིང་གིས་བརྗོད། དོན་བརྗོད་ཁུ་བསྡུ་རུ་གཏོང་བ་དང་། མེས་པོའི་སྙིང་སྟོབས་དང་རྗེས་རབས་ཀྱི་རྒྱུད་འཛིན་ཟུང་འབྲེལ་དམ་ཟབ་བྱེད་ཐུབ་ན། བརྩམས་ཆོས་ཀྱི་སྙིང་དོན་དེ་བས་གསོན་ཉམས་དོད་པོས་མཚོན་ཐུབ་ངེས་ཡིན།

རྩོམ་སྒྲིག་པ། དཔལ་གཡང་།