གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ལོ་རྒན་བརྒྱད་ཅུ་ལོན་པའི་བགྲེས་སོང་བྱམས་པ་ལགས་ཀྱིས་བོད་ལྗོངས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བརྒྱུད་མྱོང་ལ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཕྱོགས་སུ་བསྐྱོད་པའི་རླབས་ཆེན་གྱི་མཆོང་སྐྱོད་ཀྱང་བརྒྱུད་མྱོང་། ཁོང་གི་གཏམ་རྒྱུད་ནི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་བཏང་བའི་བསྡུས་རིས་ཤིག་ཡིན་ལ། བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་བྱས་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་འདི་ཉིད་གསོན་ཉམས་ལྡན་པའི་ངང་ནས་མཚོན་སྟངས་ཤིག་ཀྱང་ཡིན།
བགྲེས་སོང་བྱམས་པ་ལགས་ཀྱིས་སྔར་སོང་གི་འཚོ་བ་གླེང་བ།
བགྲེས་སོང་བྱམས་པ་ལགས་ཀྱིས“ང་རང་ལོ་བདུན་ནས་བཟུང་དེ་གར་ལས་ཀ་བྱེད་ཀྱི་ཡོད” ཅེས་ངག་སྒོ་དམའ་ཞིང་སྐྱོ་ཤས་ཆེ་བའི་ངང་ཚུལ་གྱིས་བྱིས་དུས་ལ་ཕྱིར་དྲན་བྱས། སྐབས་དེ་དུས་ཁོས་རྩམ་པ་ཁམ་གང་གི་ཆེད་དུ་གཞིས་ཀའི་ཕྱུགས་རྫི་བྱེད་ཀྱིན་ཡོད། དེ་དུས་རང་ཉིད་ལ་དབང་བའི་ཁང་པ་མེད་ལ། ས་ཞིང་ལག་མཐིལ་ཙམ་ཡང་མེད་པ་དང་། ཐ་ན་རྐང་ལ་ལྷམ་ཙམ་ཡང་གོན་རྒྱུ་མེད་པས། འཚོ་བ་ཧ་ཅང་ཐབ་ཆགས་ཡིན།
བོད་ལྗོངས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག ཞིང་བྲན་ལ་རང་ལུས་རང་དབང་དང་དབང་ཆ་མེད་ལ། ལ་རྒྱ་སྣང་མེད་ངང་རྡོག་རོལ་གཏོང་བཞིན་ཡོད། 1959ལོའི་ཟླ3པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་ནས་བོད་ལྗོངས་ཀྱི་ས་གནས་སྲིད་གཞུང་མེད་པར་བཟོས་ཏེ་དམངས་གཙོའི་བཅོས་བསྒྱུར་བྱས་ནས། ལོ་ངོ་སྟོང་ཕྲག་རིང་རྒྱུན་མཐུད་བྱས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཏང་བས། ཞིང་བྲན་ཁྲི་ཚོ་བརྒྱ་ལྕགས་སྒྲོག་ལས་ཐར་ནས་རང་ཉིད་ལ་དབང་བའི་མཛེས་སྡུག་གི་འབྱུར་འགྱུར་བསུས་ཡོད།
དེང་གི་རྣམ་གླིང་རྫོང་།
ད་ཆ་བགྲེས་སོང་བྱམས་པ་ལགས་ལ་རང་ཉིད་ལ་དབང་བའི་སྡོད་ཁང་དང་ས་ཞིང་ཡོད་པས། འཚོ་བ་སྐྱིད་པོ་ཡོད། ཁོང་ཉིན་ལྟར་ཉི་མར་ལྡེ་ནས་ཚེ་མཇུག་བདེ་སྐྱིད་ལྡན་པའི་ངང་ནས་རོལ་བཞིན་གནས། ལོ80ཡན་གྱི་རྒན་རྒོན་ཞིག་ཡིན་པའི་ཆ་ནས། ཁོང་གིས་རྒན་གསོའི་འགན་བཅོལ་དུས་ཐོག་ཏུ་བླངས་ཆོག་པས། ཟས་གོས་ལ་སེམས་ཁྲལ་བྱེད་དགོས་དོན་གཏན་ནས་མེད། “ད་ལྟའི་འཚོ་བར་ངས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱ། གང་སར་བདེ་སྐྱིད་ཀྱི་མེ་ཏོག་བཞད་ནས་ཡོད”
“ཏང་ཀྲུང་དབྱང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན” ཞེས་བགྲེས་སོང་བྱམས་པ་ལགས་ཀྱི་བབ་ཆགས་པའི་སྨྲ་བརྗོད་ལས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་མཚོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལྗོངས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ཅིང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པས། གངས་ལྗོངས་ས་མཐོར་བདེ་སྐྱིད་ཀྱི་མེ་ཏོག་མཚར་སྡུག་ལྡན་པའི་ངང་བཞད་དེ་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།