ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། སི་རི་ལན་ཁ་དང་། ཁམ་ཕུ་ཁྲེ། རྒྱ་གར། ལོ་སི། མོང་གོལ། ནེ་པ་ལ། ལྷོ་ཁོ་རེ་ཡ། ཨུ་རུ་སུ། ཐེ་ལན་བཅས་རྒྱལ་ཁབ9ནས་ཡོང་བའི་ནང་བསྟན་ལས་རིགས་ཀྱི་མི་སྣ19ཡིས།བོད་ལྗོངས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ། བོད་ལྗོངས་རྟེན་མཛོད་ཁང་སོགས་སུ་ལྟ་སྐོར་ཞིབ་ཕྲ་བྱས།
“ཕོ་བྲང་པོ་ཏ་ལ་ནི་ཧ་ཅང་མཛེས་སྡུག་ལྡན་ལ་བརྗིད་ཉམས་ཆེ།”
ཞོགས་པར། རྒྱལ་ཁབ་མང་པོའི་ནང་བསྟན་ལས་རིགས་ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པ་དགའ་སྤྲོའི་སེམས་དང་བཅས་ཕོ་བྲང་པོ་ཏ་ལ་རུ་ཕེབས། ཡུལ་སྐོར་སྣེ་ཤན་པས་འཛམ་གླིང་རིག་གནས་ཤུལ་བཞག་འདིའི་ཨར་སྐྲུན་རྒྱུ་ཆ་དང་། ཕོ་བྲང་གི་ཇུས་འགོད། ལོ་རྒྱུས་རྒྱུན་འཛིན་དང་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་བརྒྱུད་རིམ་སོགས་གསལ་ཞིང་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ། ལྷོ་ཁོ་རེ་ཡའི་ནང་བསྟན་ལས་རིགས་མིསྣ་Lee Changyupཡིས “འདི་ནི་ང་བོད་ལྗོངས་སུ་སླེབས་ཐེངས་དང་པོ་ཡིན། ཕོ་བྲང་པོ་ཏ་ལ་ནི་ཧ་ཅང་མཛེས་སྡུག་ལྡན་ལ་བརྗིད་ཉམས་ཆེ་བ་དང་།ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན། རྒྱལ་ནང་དུ་ལོག་རྗེས་ངས་ས་ཆ་འདི་མི་དེ་བས་མང་པོར་ངོ་སྤྲོད་བྱེད་ངེས་ཡིན”ཞེས་བཤད།
“ངས་དད་པ་རྣམ་དག་དངོས་སུ་མཐོང་བྱུང་།”
གཙུག་ལག་ཁང་གི་དགེ་འདུན་པས་རྒྱལ་ཁབ་མང་པོའི་ནང་བསྟན་ལས་རིགས་ཀྱི་མི་སྣང་རེ་རེར་ལ་ཁ་བཏགས་བསྒྲོན་པར་མ་ཟད། གཙུག་ལག་ཁང་གི་ལོ་རྒྱུས་རྒྱུན་འཛིན་དང་ཇོ་བོ་ཤཱཀྱ་མུ་ནེའི་དགུང་ལོ12ཡི་སྐུ་དང་། དེ་བཞིན་སྲུང་སྐྱོབ་ལེགས་པོ་བྱས་པའི་ལྡེབས་རིས་དང་སྐུ་བརྙན་སོགས་ངོ་སྤྲོད་ཞིབ་ཕྲ་བྱས།ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཚོས་དགའ་སྤྲོའི་ངང་བཅར་འདྲི་དང་ལེན་བྱས་པར་མ་ཟད། ད་ཐེངས་ལྟ་སྐོར་བྱས་པའི་མྱོང་ཚོར་ངོ་མ་གླེང་བྱུང་། ཞི་མོང་ཅ་ལཱ་མངའ་སྡེའི་ཅ་ཁར་ཏ་ཡི་བྱང་ཆུབ་གསུམ་གྱི་དགོན་པའི་མཁན་པོSraman Arunjyotiཡིས“ང་ཚོས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱས་རྗེས་སུ་སྤྲུལ་སྐུ་རིམ་བྱོན་གྱི་ལོ་རྒྱུས་དུས་རབས་དང་བསྟན་དོན་རྒྱུན་འཛིན་བྱས་ལུགས་ཤེས་བྱུང་། གཙུག་ལག་ཁང་ལ་ལྟ་སྐོར་བྱེད་སྐབས་ཇོ་བོ་ཤཱཀྱ་མུ་ནེ་དང་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སོགས་སངས་རྒྱས་ཀྱི་སྐུ་རྟེན་མཇལ་བྱུང་ལ།དད་ལྡན་མང་ཚོགས་ཀྱིས་སྒོ་གསུམ་གུས་པའི་ངང་ཕྱག་འཚལ་བ་མཐོང་།ཀྲུང་གོའི་གྲོང་ཁྱེར་མང་པོ་ཞིག་ནས་ངས་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་སྒྲུབ་པ་ཉམས་ལེན་བྱེད་པའང་མཐོང་བྱུང”ཞེས་བཤད།
“ཉི་མ་དང་ཆེས་ཐག་ཉེ་བའི་མི།”
ཉིན་དེའི་ཕྱི་དྲོར། ལྟ་སྐོར་འཚམས་འདྲི་ཚོགས་པ་ནོར་བུ་གླིང་ཁར་བསྐྱོད་པ་དང་།“ནོར་བུའི་སྐྱེད་ཚལ”འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་སྤྲོ་སྐྱེལ་ཡུལ་དང་སྲིད་དབང་སྐྱོང་ས་ཡིན་ཞིང་། དེ་ནི་བོད་ལུགས་བཟོ་བཀོད་ཉམས་དགའ་བའི་སྐྱེད་ཚལ་ཕུལ་བྱུང་གི་མཚོན་བྱེད་ཅིག་རེད། ཕྱི་རྒྱལ་གྱི་ནང་བསྟན་ལས་རིགས་མིསྣས་་སྐལ་བཟང་ཕོ་བྲང་དང་། སྤྱན་བསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་སོགས་ཀྱི་བཟོ་བཀོད་ལ་ལྟ་སྐོར་བྱས་ནས་ནོར་བུ་གླིང་ཁའི་བྱུང་ཚུལ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་རྒྱུས་ལོན་བྱས།
ནོར་བུ་གླིང་ཁའི་འཁྲིས་སུ་གནས་པའི་བོད་ལྗོངས་རྟེན་མཛོད་ཁང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་ཞིག་རེད།“ཉི་མ་དང་ཆེས་ཐག་ཉེ་བའི་མི། བོད་ལྗོངས་དམངས་སྲོལ་རིག་གནས་འགྲེམས་སྟོན”དང“གངས་ལྗོངས་ཀྱི་སྙན་དབྱངས་རིང་མོ། བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་འགྲེམས་སྟོན”དུ། རྟེན་མཛོད་ཁང་གི་གཙུག་ནོར་ཏེ། རྡོ་ཆས་གསར་པའི་དུས་ཀྱི་རྫ་ཁོག་ལྟོ་གཉིས་མ་ནས་བསམ་ཡས་དགོན་གྱི་ཆོས་དཔེའི་ལོ་ཙཱའི་ཡིག་ཚང་གི་བར་དང་། དེ་ནས་གསེར་བུམ་དཀྲུག་འདོན་ལམ་ལུགས་ཀྱི་འབྲེལ་ཡོད་རིག་དངོས་བར།ཁོངས་མི་ཚོས་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ནས་དེང་རབས་བར་གྱི་རྒྱུན་མ་ཆད་པའི་ལོ་རྒྱུས་དང་དེ་བཞིན་ས་གནས་དེ་གའི་ཐོན་སྐྱེད་འཚོ་བའི་གོམས་གཤིས་དང་དུས་ཆེན་གྱི་སྐོར་རྒྱུས་ལོན་བྱས།
རྗེ་བཙུན་མི་ལས་བཞེངས་པའི་མགུར་ལ་ཉན་པ།
ཉིན་དེའི་དགོང་མོར། ལྟ་སྐོར་འཚམས་འདྲི་ཚོགས་པས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག“མགུར་གླུ”ཉན་པ་རེད། སྒྱུ་རྩལ་དེའི་རྒྱུན་འཛིན་པ་མི་རབས42པ་ཡང་རི་སྒར་དགོན་པའི་བ་ལོག་སྤྲུལ་སྐུ་སྐུ་ཕྲེང་བདུན་པས་ཌ་རུ་དཀྲོལ་ནས་ཞལ་འདོན་ལས་འགྱུར་ཁུག་བྱུང་བ་དེ་ནི་སྙན་ཞིང་འཇེབས་པ་ཞིག་ཡོད། ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཚོས་སེམས་རྣལ་དུ་ཕབ་ནས་ཉན་པའམ་ཡང་ན་མགུར་གླུའི་ངོ་མཚར་ཆེ་བའི་དུས་སྐབས་བརྙན་དུ་ཕབ་སྟེ་སྐད་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པའི་རོལ་དབྱངས་ཀྱི་སྤེལ་རེས་ཤིག་བྱས་པ་རེད།
ལུམྦི་ནིའི་ཐུབ་པའི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཡོན་ཀྲང་ཀུའུ་མར་ལ་ཉིན་གཅིག་གི་ལྟ་སྐོར་འཚམས་འདྲི་མཇུག་འགྲིལ་རྗེས་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“དེ་སྔ་ང་ཚོས་དཔེ་དེབ་ཐོག་ནས་མཐོང་བའི་བོད་ལྗོངས་ནི་མི་གཞན་གྱི་ཁ་ནས་བརྗོད་པ་ཤ་སྟག་རེད །དེ་རིང་ངས་མཐོང་བ་ནི་མངོན་སུམ་དང་། ད་ཆ་མི་རྣམས་ཀྱིས་འཚོ་བ་སྐྱེལ་བཞིན་པའི་བོད་ལྗོངས་ཤིག་མཐོང་བྱུང་།ངས་བོད་ལྗོངས་ནས་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་མི་མང་པོ་མཐོང་བྱུང་།འདི་ནི་དེང་རབས་ཅན་གྱི་བོད་ལྗོངས་ཤིག་དང་གྲོང་ཁྱེར་ཆེན་པོ་ཞིག་དང་ཁྱད་པར་གང་ཡང་མི་འདུག”ཅེས་བཤད།
རྒྱལ་ཁབ་མང་པོའི་ནང་བསྟན་ལས་རིགས་ཀྱི་མི་སྣ་ཕོ་བྲང་པོ་ཏ་ལར་བསྐྱོད་དེ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་འདུ་ཁང་ནས་རྒྱུན་འཛིན་རྟོགས་པ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བསྐྱོད་དེ་དད་ལྡན་མང་ཚོགས་ཀྱི་ཕྱག་མཆོད་འབུལ་ཁྲོད་ནས་དད་པ་མཐོང་བ། ནོར་བུ་གླིང་ཁར་འཆམ་འཆམ་དུ་བསྐྱོད་དེ་སྐྱེད་ཚལ་གྱི་ལྷིང་འཇགས་ཁྲོད་ལོ་རྒྱུས་གྱི་འཕེལ་རྒྱུན་རྟོགས་པ། བོད་ལྗོངས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱས་ནས་རིག་རྒྱུན་རིང་མོ་ཉམས་སུ་མྱངས་པ། མགུར་གླུ་ཉན་ནས་གནའ་བོའི་འགྱུར་ཁུག་ཁྲོད་ནས་མཛའ་གྲོགས་མཉམ་སྐྱེ་བྱུང་བ་རེད། ལོ་རྒྱུས་རིང་པོ་ལྡན་པའི་ཊ་རུའི་སྒྲ་མ་ཡལ་ལ། གནའ་བོའི་ལྡེབས་རིས་ངོ་མཚར་ཅན་ཡང་རང་སོར་གནས། དད་པ་དང་རྒྱུན་འཛིན་ནི་མཐོ་སྒང་དུ་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་ལགས།
རྩོམ་སྒྲིག་པ། དཔལ་གཡང་།