ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱས་བཤད་གཏིང་ཟབ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ཕྱོགས་ཡོངས་ནས་མངོན་པ་བཅས་བྱ་ཆེད། ཟླ5པའི་ཚེས23ཉིན་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས)གིས་ལྷ་སར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཚན་ཞིབ་སློབ་ཁྲིད་ཚན་པ་ནས་ཡོང་བའི་ཆེད་མཁས་པ་དང་རིག་ཞུང་ཞིབ་འཇུག་པའི་འཐུས་མི90ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག ཆེད་མཁས་པ་དང་མཁས་དབང7གྱིས“བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བའི་གྲུབ་འབྲས་དང་ཉམས་མྱོང”ལ་དམིགས་ནས་གཙོ་དོན་གཏམ་བཤད་གནང་བ་དང་། བགྲང་བྱ་དོན་ལྔའི་འཕེལ་རྒྱས་ཀྱི་རྒྱང་ལམ་ལ་ཕྱིར་མིག་བལྟ་ཞིང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་གཅིག་ཏུ་སྒྲིལ་བ། འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བཅས་བྱས་ཏེ་ཕྱོགས་མང་པོའི་ཐད་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བོད་ལྗོངས་ཀྱི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་པའི་ལག་ལེན་གྱི་གྲུབ་འབྲས་རྒྱས་བཤད་བྱས།
ཚོགས་འདུའི་ཐོག་ད་དུང“ཀྲུང་གོ་གུང་ཁྲན་ཏང་གིས་བོད་སྐྱོང་། བོད་བརྟན། བོད་དར་གྱི་གཟི་བརྗིད་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ”“བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ”“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན”སོགས་བརྗོད་དོན་གཙོ་བོར་དམིགས་ནས་ཡན་ལག་གླེང་སྟེགས་ཀྱི་བགྲོ་གླེང་བྱས་པ་རེད། ཚོགས་ཞུགས་མི་སྣས་ཆེད་ལས་ཀྱི་ལྟ་ཕྱོགས་ལ་གཞི་ཚུགས་ནས་བསམ་བློ་དང་ལྟ་བ་སྤེལ་རེས་དང་། ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད། འཕེལ་རྒྱས་ཀྱི་བསམ་ཕྱོགས་མཉམ་དུ་འཚོལ་བ། ལོ་རྒྱུས་ཀྱི་འཕེལ་རིམ་དང་། འཛུགས་སྐྲུན་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཕྱོགས་ལ་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་ཡོད།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི་འཆད་ཁྲིད་དགེ་རྒན་དང་། འབུམ་རམས་པ། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཡིན་པའི་ཀྲུའུ་ཡ་ཁྲེང་གིས་སྙན་ཞུའི་ནང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བའི་དུས་ཀྱི་བསྐལ་བ་ཚད་དུ་བྱས་ཏེ། ཚད་ལྡན་ཡིག་ཆར་དབྱེ་ཞིབ་དང་ལོ་རྒྱུས་དབྱེ་ཞིབ་བྱ་ཐབས་སྤྱད་དེ་མཐོ་སྒང་གི་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་བརྒྱུད་རིམ་ལྡན་པའི་ངང་གཅིག་ཏུ་སྒྲིལ་ལུགས་འཁོད་ཡོད། ཁོང་གིས་དུས་མཚམས་ལྔའི་ཐོག་ནས་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེར་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་པ་དང་འབྲེལ་ལྟེ་བའི་ཉམས་མྱོང་ལྔ་བཏོན་པ་ནི། ངེས་པར་དུ་ཏང་གི་འགོ་ཁྲིད་ཀྱིས་ཁ་ཕྱོགས་བརྟན་པོ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་རྨང་གཞི་བརྟན་པོ་འདིང་རྒྱུ། ཁྱད་ལྡན་ལེགས་ཆར་སྤུས་རྟགས་གཏོད་རྒྱུ་མཐའ་འཁྱོངས། བོད་སྐྱོར་མཉམ་སྐྲུན་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་མཐའ་འཁྱོངས། མཉམ་འདྲེས་གསར་གཏོད་ཀྱིས་སྒུལ་ནུས་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་རེད། ཁོང་གིས་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལུས་རྩལ་འགྲོ་ལམ་གྱི་བོད་ལྗོངས་ཀྱི་ལག་ལེན་ཞིག་ཡིན་པར་མ་ཟད། མཐའ་མཚམས་མི་རིགས་ས་ཁུལ་གྱི་ལུས་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིགས་པའི་གཞུང་ལུགས་ཀྱི་དཔེ་མཁོ་འདོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་བཅས་ཡིན་པའི་ལེན་ཁྲེང་གོས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ཁྲིམས་འཛིན་འཛུགས་སྐྱོང་དེ་ག་དུས་ཡིན་རུང་རྒྱལ་ཁབ་ཀྱི་མཐའ་མཚམས་བཅོས་སྐྱོང་གི་ཁྱོན་ཡོངས་ཀྱི་སྒྲོམ་གཞིའི་ནང་ཚུད་ཡོད། དུས་ཡུན་རིང་པོའི་རྗེས་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པ་དང་མཐའ་མཚམས་བཅོས་སྐྱོང་དང་འཚམ་པའི་ཁྲིམས་སྐྱོང་མ་ལག་བཙུགས་ནས་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཕྱོགས་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁོང་གིས་ཁྲིམས་འཛིན་གྱིས་ལམ་ལུགས་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། ངོས་འཛིན་གཅིག་མཐུན་བཅས་ཟུར་ཚད་ཆེན་པོ་ལྔའི་ཐོག་ནས་བོད་ལྗོངས“ཆེས་མཐའ་མཚམས”ནས“རྒྱལ་ཁབ་གཞི་གཅིག”ནང་འདྲེས་རྒྱུར་སྐུལ་འདེད་བཏང་སྟེ་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡའོ་ཡུས་ཀྱིས་ལོ་ངོ75ཡི་རིང་བོད་ལྗོངས་ཀྱི་འཛུགས་སྐྲུན་གྲུབ་འབྲས་ནི་སྟེས་དབང་དུ་བྱུང་བ་ཞིག་མིན་པར། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་དམངས་རྣམས་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པའི་འབྲས་བུ་ཞིག་རེད་ཅེས་བརྗོད། བོད་ལྗོངས་ཀྱིས་རང་བྱུང་དང་ས་ཁམས་ཆ་རྐྱེན་དམིགས་བསལ་གྱི་གནས་ཚུལ་འོག་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅིང་། དེའི་ནང་བསྟན་པའི་གནས་ལུགས་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་རིན་ཡོད། བོད་ལྗོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་གཅིག་སྡུད་ཐོག་འགག་སྒྲོལ་བྱས་ཏེ། བོད་ལྗོངས་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་འཛུགས་དགོས་ཞེས་བརྗོད། ཁོང་གིས་ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད། དུས་རབས་གསར་པའི་བོད་ལྗོངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕྲུ་གུ་དེ་བས་མང་བས་སྤོབས་པ་ཆེན་པོས“ང་ནི་ཀྲུང་ཧྭ་མི་རིགས་ཡིན”ཞེས་བརྗོད་ཀྱི་ཡོད་ཅེས་དམིགས་སུ་བཀར་ནས་བཤད་པ། དེ་ནི་འདས་ཟིན་པར་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པ་མ་ཟད། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ལག་ལེན་དང་རིགས་པའི་གཞུང་ལུགས་གང་དུ་ཕྱོགས་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་དོན་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་མཉམ་ཤུགས་གཅིག་ཏུ་འདུས་ཡོད། ཚོགས་ཞུགས་མི་སྣས་འབྲེལ་ཡོད་རིགས་པའི་གཞུང་ལུགས་ཞིབ་འཇུག་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་ཏེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།