ཟླ་བ་10ཚེས་1ནས་ཚེས་7ཉིན་བར། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་ཁྱོན་བསྡོམས་འགྲུལ་པ་མི་ཐེངས་ཁྲི་10.09སྐྱེལ་འདྲེན་བྱས་པ་དེ། དུས་མཚུངས་ལས་མི་ཐེངས་ཁྲི་1.8འཕར་ཡོད། དེའི་ནང་ཟླ་བ་10ཚེས་1ཉིན་འགྲུལ་པ་མི་ཐེངས་ཁྲི་1.85སྐྱེལ་འདྲེན་བྱས་པ་དེས། ལྷ་ས་མེ་འཁོར་འབབ་ཚུགས་བཙུགས་ཚུན་གྱི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་ཡོད།

གཉེན་འཕྲད་དང་ཡུལ་སྐོར་གྱི་འགྲུལ་རྒྱུན་གཅིག་ཏུ་འདུས་པའི་འགྲུལ་རྒྱུན་ལ་དམིགས་ཏེ། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་“ཉིན་རེར་རེའུ་མིག་རེ་”ཡི་འགུལ་རྣམ་བཀོད་སྒྲིག་གནད་སྨིན་ལག་བསྟར་བྱས་ཤིང་། ཟི་ལིང་དང་། གཞིས་རྩེ། ཉིང་ཁྲི་སོགས་འགྲུལ་རྒྱུན་མང་བའི་ཁ་ཕྱོགས་སུ་དུས་ཐོག་ཏུ་མེ་འཁོར་གསར་སྣོན་དང་འཁོར་སྒྲོམ་ཁ་སྣོན་བྱས་ཏེ། སྐྱེལ་འདྲེན་གྱི་ནུས་ཤུགས་གང་ལེགས་བཏོན་ཡོད། དེ་མིན་ས་གནས་ས་ཐོག་ཏུ་འགྲུལ་པ་འབབ་ཚུགས་སུ་འཛུལ་དོན་དང་མེ་འཁོར་ལ་སྡོད་འབབ་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། སྒྲིག་ཆས་ཀྱི་བདེ་འཇགས་མངོན་མེད་ཉེན་ཁ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཡོད། དེ་བཞིན་“མེ་ཏོག་ཆུང་ཆུང་”ཞེས་པའི་དང་བླངས་ཞབས་ཞུའི་རུ་ཁག་ལ་བརྟེན་ནས། རྒན་རྒོན་དང་། བྱིས་པ། ནད་པ། དེ་བཞིན་སྦྲུམ་མ་སོགས་གཙོ་གནད་འགྲུལ་པར་རོགས་སྐྱོར་དང་། ཡུལ་སྐོར་བློ་འདྲིའི་ཞབས་ཞུ་སྤུས་དག་བསྒྲུབས་ཏེ། འགྲུལ་པ་རྣམས་བདེ་འཇགས་དང་། དྲོ་སྐྱིད། གོ་རིམ་ལྡན་པའི་ངང་ཕར་འགྲོ་ཚུར་འོང་བྱེད་ཐུབ་པའི་འགན་ལེན་བྱས་ཡོད།

དེ་དང་ཆབས་ཅིག ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་དངོས་ཟོག་དང་ཐུམ་འབོག་སྐྱེལ་འདྲེན་གྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་བྱས་ཤིང་། “ལྗང་མདོག་བགྲོད་ལམ་”བཏོད་དེ་དུས་ཆེན་རིང་གི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་ནུས་ཆེའི་ངང་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱས་པས། རྒྱལ་སྟོན་ངལ་གསོའི་རིང་འགྲུལ་ཟོག་གཉིས་ཀའི་སྐྱེལ་འདྲེན་བདེ་བླག་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།