སེ་ར་ཐེག་ཆེན་གླིང་།
སྤེལ་དུས 2021-03-29
ཡོང་ཁུངས། ཞིན་ཧྭའི་དྲ་བ།
རྩོམ་པ་པོ།
ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་མཚམས་སུ་རྒྱབ་རི་གླང་པོ་ཆེ་ཉལ་བ་ལྟ་བུ་དང་། དེའི་རི་རྒྱུད་དུ་གདུགས་ལྟ་བུའི་རི་བོ་མཐོ་ལ་མཛེས་པ། མཐའ་སྐོར་དུ་ཉམས་དགའི་དབེན་པའི་རི་ཁྲོད་ཀྱིས་བསྐོར་བའི་དབུས་སུ་ཆགས་ཤིང་།ཤིང་སེ་བའི་ར་བས་བསྐོར་བས་ན་སེ་ར་ཞེས་བརྗོད། དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས (སྤྱི་ལོ་༡༣༥༤-༡༤༣༥) ཀྱིས་བོད་རབ་བྱུང་བདུན་པའི་ས་མོ་ཕག་སྤྱི་ལོ་༡༤༡༩ལོར་ཕྱག་བཏབ།
དེ་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་ནང་ནས་འདེབས་ཕྱི་མ་དེ་ཡིན། ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་བོད་རབ་བྱུང་དྲུག་པའི་ཆུ་འབྲུག་སྤྱི་ལོ་༡༣༥༢ལོར་ལྷ་སའི་ཤར་ཕྱོགས་ཚལ་གུང་ཐང་དུ་སྐུ་འཁྲུངས། རབ་ཏུ་བྱུང་སྟེ་མཚན་ཤཱཀྱ་ཡེ་ཤེས་སུ་གསོལ།ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལ་སྦྱངས་བརྩོན་ཆེ་བ་དང་། དུས་ཕྱིས་རྗེ་རིན་པོ་ཆེའི་གསོལ་བ་འདྲེན་མཁན་དང་ཆབས་ཅིག་ལོ་མང་རིང་ཉེ་གནས་ཀྱང་མཛད་དེ་དད་གུས་ཆེ་ཞིང་བཀའ་བཞིན་སྒྲུབ་པ་དང་། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་མཁས་པར་གྱུར། མིང་གཡུང་ལེ་སྲིད་ལོ་བདུན་པར་རྒྱ་ནག་ཏཱ་མིང་རྒྱལ་པོས་རྗེ་ཙོང་ཁ་པ་ཆེན་པོ་གདན་ཞུ་ཐེངས་གཉིས་བྱས་ཀྱང་མ་བྱོན་སྟབས་ཕྱི་མར་རྗེ་ཉིད་དང་དབྱེར་མེད་ཀྱི་དངོས་སློབ་གཅིག་དབུ་བླར་གཏོང་གདོས་ཞུས་པ་བཞིན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དགུང་ལོ་རེ་གཅིག་བོད་ཤིང་རྟ་སྤྱི་ལོ་༡༤༡༤ལོར་ལི་ཐང་བརྒྱུད་རྒྱ་ཡུལ་དུ་ཕེབས། ལོ་དེའི་ཟླ་བ་བཅུ་གཉིས་པའི་ནང་པེ་ཅིང་དུ་ཕེབས་ནས་ཕཱ་ཤིན་དིན་གྱི་ཕོ་བྲང་དུ་རྒྱལ་པོ་དང་མཇལ། རྒྱལ་པོ་ཐུགས་དགྱེས་ནས་བཀུར་སྟི་སྟོན་མོ་གཟབ་ཅིང་རྒྱས་པར་མཛད།
བོད་ཤིང་ལུག་ཟླ༢ཚེས༩སྤྱི་ལོ་༡༤༡༥ནས་བརྩམས་ཏེ་ཟླ་བ་གསུམ་གྱི་བར་གསང་བདེ་འཇིགས་གསུམ། ཕྱག་རྡོར་འཁོར་ཆེན། སྨན་བླ་རྣམས་ཀྱི་སྒྲུབ་མཆོད་སོགས་རྒྱས་པར་མཛད་པས་རྟགས་ཁྱད་པར་ཅན་བྱུང་། གཞན་ཡང་གོང་མ་སྐུ་བསྙུངས་ནས་མ་བདེ་བར་གྱུར་པ་ལ་བཅོས་ཐབས་དང་། རྗེས་གནང་མཛད་པས་བསྙུན་གཞི་ལས་གྲོལ་སྟབས་གོང་མ་ཤིན་ཏུ་དགྱེས་ནས་ཐམས་ཅད་མཁྱེན་པའི་བློ་གསལ་བ། འགྲོ་ཀུན་སྐྱོབ་པའི་བྱམས་པ་ཆེ་བ། རྒྱལ་ཁམས་མཐའ་དག་བདེ་ལ་་འགོད་པ། ཀུན་གྱི་སྤྱི་བོར་དབང་བསྐུར་བ། ནུབ་ཕྱོགས་སངས་རྒྱས་ཀྱི་སྲས།ཆབ་སྲིད་བདེ་ཞིང་བསྟན་པ་གནས་པར་བྱེད་པའི་བླ་མ་ཆེན་པོ་ཏཱ་གུ་ཤྲཱི་བྱམས་ཆེན་ཆོས་རྗེ་ཞེས་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་ཐམ་ག་བཅས་བསྩལ།དེ་རྗེས་རྒྱལ་པོར་དབང་བསྐུར་ཆོས་གསུངས། རྒྱལ་པོ་སྙིང་ནས་དད་དེ་བསྙེན་བཀུར་རྒྱ་ཆེར་མཛད། བོད་རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ་༡༤༡༦ལོའི་ཟླ་ལྔ་པར་བོད་ཀྱི་ཕྱོགས་སུ་ཞལ་བསྒྱུར།རྗེ་རིན་པོ་ཆེ་དང་མཇལ། གོང་མས་གནང་བའི་གནས་བརྟན་བཅུ་དྲུག་གི་སེའུ་ཐང་སོགས་ཕུལ། དེ་ནས་བདག་ཉིད་ཆེན་པོ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་ཕེབས་སྐབས་རྗེ་འདི་པར་ཆོས་སྡེ་ཞིག་འདེབས་དགོས་པའི་བཀའ་བཀོད་བཞིན་ས་ཕག་སྤྱི་ལོ་༡༤༡༩ལོར་སྣེའུ་དཔོན་ནས་མཐུན་རྐྱེན་གང་དགོས་སྦྱར་ཏེ་གཙུག་ལག་ཁང་གི་རྨང་བཏིངས་ནས་སྤྱིལ་བུ་སོགས་རིམ་གྱིས་བཏབ།
དེ་ནས་སླར་ཡང་གོང་མ་ཡུང་ལོ་རྒྱལ་པོའི་གདན་ཞུ་བ་འབྱོར་ནས་རྗེ་ཙོང་ཁ་པའི་དངོས་སློབ་ཆོས་རྗེ་དར་རྒྱས་བཟང་པོ་སེ་རའི་གདན་པ་བར་བསྐོ་གཞག་གནང་ནས་ཤིང་འབྲུག་སྤྱི་ལོ་༡༤༢༤ ལོར་ནང་སར་ལན་གཉིས་པ་ཕེབས། གོང་མའི་ཕོ་བྲང་གི་ཁད་ཉེར་འབྱོར་སྐབས་གོང་མ་སྐུ་གཤེགས། འོན་ཀྱང་སྲས་ཟོན་དེས་ཡབ་རྒྱལ་པོ་ལས་ཀྱང་ལྷག་པའི་གུས་འདུད་མཛད། ཤི་འབྲུག་ནས་ལོ་ངོ་བཅུ་གཉིས་ཙམ་གྱི་རིང་མཛད་འཕྲིན་བསྐྱངས་ཏེ་ཤིང་ཡོས་སྤྱི་ལོ་༡༤༣༥ལོ་བུ་ཆེན་ཀོའོ་ཤིང་ཨ་མོ་ག་དང་། བསོད་ནམས་ཤེས་རབ་གཉིས་ལ་ཞལ་བཀོད་གནང་ནས་བོད་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ལམ་བར་མཛོ་མོ་སྒར་ཞེས་པའི་ས་གནས་སུ་དགུང་གྲངས་གྱ་གཉིས་བཞེས་པ་སྤྱི་ལོ༡༤༣༥ལོའི་ཟླ་༡༠ཚེས་༢༤ཉིན་སྐུ་གཤེགས།