ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

སྲིད་གཞུང་གི་ལས་དོན་སྙན་སྒྲོན།

སྤེལ་དུས 2024-03-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
—— 2024ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཆང་།
  འཐུས་མི་རྣམ་པ།
  ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོཌ་ཞུ་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་གི་ཡིན།
  གཅིག 2023ལོའི་ལས་དོན་ཕྱིར་དྲན་བྱས་པ།
  འདས་ཟིན་པའི་ལོ་གཅིག་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་འགོ་རྩོམ་པའི་ལོ་ཡིན་ལ། སྐབས་འདིའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པའི་ལོ་དང་པོའང་ཡིན། ཤིན་ཏུ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱིའི་གནོན་ཤུགས་ཐེག་པ་དང་ནང་གི་དཀའ་ངལ་ཁྱད་གསོད་བྱས་ནས་དཀའ་སྤྱད་འབད་བརྩོན་བྱས་ཡོད། ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་པོའི་ངང་དུས་མཚམས་བསྒྱུར་ནས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་དང་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་མཐའ་འཁྱོངས་བྱུང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད།
  —— དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་ལེགས་འགྱུར་བྱུང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་ནས་5.2%འཕར་ཏེ་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1244གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཆ་སྙོམས་སུ་5.2%ཡིན། གྲོང་མིའི་འཛད་སྤྱོད་རིན་གོང་0.2%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད།
  —— དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་བཏང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། འབྱུང་འགྱུར་ཐོན་ལས་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཐོན་ལས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེན་པོ་C919རྟགས་ཅན་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། རང་རྒྱལ་ནས་ཐོན་པའི་སྦྲག་གྲུ་ཆེ་གྲས་བདེ་བླག་ངང་བསྐྲུན་པ། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་འཚོང་བྱས་ཚད་གོ་ལ་ཧྲིལ་པོའི་བསྡུར་ཚད་ལས་60%བརྒལ་ཡོད།
  —— ཚན་རྩལ་གསར་གཏོད་ཐད་འགག་སྒྲོལ་གསར་པ་བྱུང་ཡོད། རྒྱལ་ཁབ་ཚོད་ལྟ་ཁང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དང་། རླངས་འབར་སྒུལ་ཤུགས་འཕྲུལ་འཁོར། ཉིང་རྡུལ་གློག་འདོན་འཕྲུལ་འཁོར་ཚན་པ་རབས་བཞི་པ་སོགས་རྩེར་སོན་སྒྲིག་ཆས་ཞིབ་འཇུག་བཟོ་སྐྲུན་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མིས་བཟོས་རིག་ནུས་དང་ཚད་རྡུལ་ལག་རྩལ་སོགས་མདུན་གྲལ་ཁྱབ་ཁོངས་སུ་གསར་གཏོད་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་ཡོད། ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་དངུལ་གྲངས་28.6%འཕར་ཡོད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
  —— སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཡོད། རེས་སྐོར་གསར་པའི་སྒྲིག་གཞི་སྒྱུར་བཅོས་དེ་ཀྲུང་དབྱང་རིམ་པ་ནས་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ས་གནས་རིམ་པར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཤིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བཏོན་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་བཀོད་པ་སྔར་ལས་འཐུས་སྒོ་ཚང་དུ་བཏང་ཡོད། ཕྱིར་གཏོང་གིས་རྒྱལ་སྤྱིའི་ཚོང་རའི་ཐོབ་སྐལ་ཟིན་གྲངས་བརྟན་པོའི་ངང་སྲུང་འཛིན་བྱས་ཡོད། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་གྲུབ་ཆ་ལེགས་སྒྲིག་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་ཤུཌ་རྐྱེན་ནུས་པ་དང་བློ་ཁ་འགུག་ནུས་སྔར་བས་མངོན་གསལ་དོད་པོར་ཕྱིན་ཡོད།
  —— བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་ཞིང་བརྟན་པར་བཏང་ཡོད། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ནུས་ཁུངས་དང་ཐོན་ཁུངས་འདོན་སྤྲོད་བརྟན་འཇགས་བྱུང་ཡོད། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གལ་ཆེན་གྱི་རང་བརྟེན་ཚོད་འཛིན་ཐུབ་པའི་ནུས་པ་ཆེ་རུ་ཕྱིན་ཡོད། དཔལ་འབྱོར་དངུལ་རྩའི་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་སེལ་ཡོད། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་ཡོད། 
  —— སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་བཅོས་བྱས་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཏུ་སྤེལ་བ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ། ས་ངོས་ཀྱི་ཆུ་དང་མཚོ་འགྲམ་མཚོ་ཁོངས་ཀྱི་ཆུ་སྤུས་རྒྱུན་མཐུད་ངང་ལེགས་འགྱུར་བྱུང་ཡོད། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་ལས་ཀ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་ཤིང་། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་དེ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་མེ་ཤུགས་གློག་འདོན་ལས་བརྒལ་བ་དང་། ལོ་ཧྲིལ་པོར་འཕྲུལ་འཁོར་གསར་སྣོན་བྱུང་ཚད་གོ་ལ་ཧྲིལ་པོའི་ཕྱེད་ཀ་ལས་བརྒལ་ཡོད།
  —— དམངས་འཚོ་འགན་སྲུང་ནུས་ལྡན་དང་ཕན་འབྲས་ཐོན་པར་བྱས་ཡོད། གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་6.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་མུ་མཐུད་ཆུང་དུ་སོང་ཡོད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། དབུལ་བྲལ་ས་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་8.4%འཕར་ཡོད། འོས་འགན་སློབ་གསོ་དང་། གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས་སོགས་ནོར་སྲིད་ཀྱི་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རོགས་སྐྱོབ་འགན་སྲུང་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཡོད། “རྒན་གཅིག་བྱིས་གཅིག”གི་སྒེར་འབབ་དཔྱ་ཁྲལ་གྱི་ཆེད་དམིགས་ཟུར་སྣོན་འཕྲི་འཐེན་གྱི་ཚད་གཞི་ཇེ་མཐོར་བཏང་སྟེ། ཁྲལ་འཇལ་མཁན་ཁྲི་6600ལྷག་ལ་ཕན་ཐོགས་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་ཚང་བྱེ་བ་ཡན་ལ་ཕན་ཐོགས་བྱུང་ཡོད།
  འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་ཚེ། དཀའ་ངལ་དང་འགྲན་སློང་མང་པོ་མཉམ་དུ་འདྲེས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་རླབས་ཕྲེང་ལྟར་གོང་འཕེལ་དང་ཀྱག་ཀྱོག་ལྟར་མདུན་སྐྱོད་བྱས་ཡོད་ཅིང་། གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པ་དང་། ས་འབྲེལ་ཆབ་སྲིད་ཀྱི་གདོང་གཏུག་ཆེ་རུ་ཕྱིན་པ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་དར་ཆེ་བ། ཕྱི་རོལ་ཁོར་ཡུག་ལས་རང་རྒྱལ་གྱི་འཕེལ་རྒྱས་ལ་བཟོས་པའི་གནོད་རྐྱེན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། རྒྱལ་ནང་གི་ཆ་ནས་བལྟས་ན། ལོ་གསུམ་རིང་ཏོག་གསར་རིམས་ནད་ཀྱི་ཕོག་ཐུག་ཐེབས་པས། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་རང་ངོས་ནས་དཀའ་གནད་མི་ཉུང་བ་ཞིག་ཡོད་པ་དང་། ཡུན་རིང་བསགས་པའི་གཏིང་རིམ་ཟབ་སའི་འགལ་བ་མགྱོགས་མྱུར་མངོན་བཞིན་ཡོད། གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་སླར་ཡང་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། ཕྱི་མཁོ་མར་ཆག་པ་དང་ནང་མཁོ་མི་འདང་བ་ཁ་ཐུག་བྱུང་ཞིང་། དུས་འཁོར་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་གནད་དོན་མཉམ་དུ་གནས་ཡོད། ས་གནས་ཁ་ཤས་ཀྱི་ས་ཁང་ཐོན་ལས་དང་། ས་གནས་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉམས་ཉེན་དང་མངོན་མེད་རྐྱེན་ངན་འབུར་དུ་ཐོན་ཡོད། ས་ཁུལ་ཁ་ཤས་སུ་ཆུ་ལོག་དང་ཞོད་སྐྱོན་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་ཕོག་ཡོད། གནས་ཚུལ་དེ་རིགས་འོག་སྲིད་ཇུས་ལ་གདམ་ག་བྱེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་འཕྲད་པའི་གཉིས་དཀའ་མང་དཀའི་གནད་དོན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ལོ་ཧྲིལ་པོའི་སྔོན་དཔག་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱུང་བ་མ་ཟད། ཕྱོགས་མང་པོའི་ཐད་ད་དུང་དགེ་མཚན་ལྡན་ཞིང་ལེགས་འགྱུར་གྱི་ཕྱོགས་སུ་འཕེལ་ཡོད། ལྷག་པར་དུ་ང་ཚོས་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་དང་། དཀའ་ངལ་ཆེན་པོ་སེལ་བའི་ཉམས་མྱོང་རྩ་ཆེན་བསགས་ཡོད། ལག་ལེན་ལས་གསལ་སྟོན་གང་ལེགས་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ལ་དཀའ་ཉེན་གང་རུང་ལས་རྣམ་པར་རྒྱལ་བའི་སྤོབས་པ་དང་། བློ་གྲོས། ནུས་པ་བཅས་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་རླུང་བརྟེན་རླབས་གཤག་ཐུབ་པ་དང་མ་འོངས་པར་རེ་བ་ཆེན་པོས་ཁེངས་ཡོད།
  ལོ་གཅིག་རིང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་ཡོད།
  གཅིག་ནི་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ལེགས་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། འགྲན་སློང་དྲག་པོ་དང་རིམས་རྗེས་དཔལ་འབྱོར་སླར་གསོའི་ཁྱད་ཆོས་ལ་དམིགས་ནས། ང་ཚོས་བརྟན་པོའི་ངང་འཕར་བ་དང་རྟིང་ཤུགས་ཆེ་རུ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ། རྨང་བརྟན་ཟུངས་སྐྱེད་མངོན་གསལ་དོད་པོ་དང་། གནད་འཁེལ་ཇུས་འདོན་ལ་དོ་སྣང་བྱས་པ། སྤྱི་ཁོག་སྙོམས་སྒྲིག་གི་དུས་ཚད་ནུས་གསུམ་ཁོང་དུ་ཆུད་པ། དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད། “ཞིང་ཆུ་ལེབ་གཏོང”དང་དུས་ཐུང་ནང་ངར་སྐུལ་དྲག་པོ་མ་བཏང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་བས་ཤུགས་བརྒྱབ་ཡོད་པས། ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་ཐད་སྔོན་དམའ་བར་མཐོ་རྗེས་བརྟན་གྱི་འཕེལ་ཚུལ་བྱུང་ཡོད། ནང་མཁོ་རྒྱ་སྐྱེད་དང་། གྲུབ་ཚུལ་ལེགས་སྒྱུར། ཡིད་ཆེས་ཆེར་སྐྱེད། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བཅས་བྱེད་པར་དམིགས་ཏེ། དུས་མཚམས་རང་བཞིན་གྱི་སྲིད་ཇུས་ཁག་ཅིག་རྒྱུན་བསྲིང་དང་ལེགས་སྒྱུར་བྱས་པ་དང་། སྲིད་ཇུས་གསར་པ་ཁག་ཅིག་དུས་ཐོག་ཏུ་བཏོན་ཞིང་། ནུས་ལྡན་ཕན་ལྡན་གྱི་སྲིད་ཇུས་སྡེབ་སྤྱོད་བྱས་ཡོད། ནོར་སྲིད་སྲིད་ཇུས་ཐད་ཤུགས་སྣོན་ཕྱོད་འདེགས་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོའི་འགན་སྲུང་ལ་ཤུགས་བརྒྱབ་པ་དང་། ལོ་ཧྲིལ་པོར་ཁྲལ་རིན་གཟིགས་སྐྱོང་གསར་འཕར་བྱུང་བ་སྒོར་དུང་ཕྱུར་ཁྲི་2.2ལས་བརྒལ་བ། རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1འཕར་འགྲེམས་བྱས་ནས་གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་དང་གནོད་འགོག་གེགས་སེལ་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། དངུལ་ལོར་སྲིད་ཇུས་གནད་འཁེལ་ནུས་ལྡན་བྱུང་སྟེ། བཅོལ་དངུལ་གྲ་སྒྲིག་བྱེད་ཚད་ཐེངས་གཉིས་བཅག་པ་དང་། སྲིད་ཇུས་ཀྱི་སྐྱེད་ཚད་ཐེངས་གཉིས་ཕབ་ཡོད། ཚན་རྩལ་གསར་གཏོད་དང་། སྔོན་ཐོན་བཟོ་སྐྲུན། ཀུན་ཕན་ཆུང་ཕྲན། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་དངུལ་བུན་འཕར་སྣོན་ཆེན་པོ་བྱུང་ཡོད། རླངས་འཁོར་དང་། ཁྱིམ་མཁོ། གློག་རྡུལ་ཐོན་རྫས། ཡུལ་སྐོར་སོགས་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དངོས་སུ་བཏོན་པ་དང་། ཐོན་འབོར་ཆེ་རིགས་འཛད་སྤྱོད་བརྟན་པོའི་ངང་བསྐྱར་འཕར་བྱུང་བ། འཚོ་བའི་ཞབས་ཞུ་དང་འཛད་སྤྱོད་གང་མགྱོགས་སླར་གསོ་བྱུང་ཡོད། སྲིད་གཞུང་དངུལ་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་དང་། དམངས་ཁྲོད་དངུལ་འཇོག་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་བཟོས་ཡོད། ནུས་ཁུངས་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་དང་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་མགྱོགས་ཙམ་བྱུང་ཡོད། གྲོང་ཁྱེར་དང་བསྟུན་ནས་ཇུས་འདོན་བྱས་ཏེ་ས་ཁང་ཐོན་ལས་སྙོམས་སྒྲིག་ལེགས་སྒྱུར་བྱས་ཤིང་། སྡོད་ཁང་དངུལ་བུན་གྱི་མ་གནས་ཆག་པར་སྐུལ་འདེད་བཏང་བ་དང་། ཁང་སྤྲོད་འགན་སྲུང་གི་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་ཡོད། ས་གནས་ཀྱི་བུ་ལོན་སེལ་བའི་སྡེབ་གཅིག་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱས་པ་དང་། དངུལ་རྩའི་ཉེན་ཁ་རིགས་དབྱེ་ཐག་གཅོད་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་སྲུང་འཛིན་བྱས་ཡོད།
  གཉིས་ནི་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤར་ལ་སྣེ་ཁྲིད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་འགྲོ་བའི་སྒུལ་ནུས་གསར་པ་ཆེ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གལ་ཆེན་གྱི་ལས་གཞི་ལག་བསྟར་གང་མགྱོགས་བྱས་པ་དང་། དཔེ་གསར་བཟོ་ལས་ཅན་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ལ་རྒྱབ་སྐྱོར་བྱེད་ཐབས་དངོས་སུ་བཏོན་པ། གཙོ་གནད་ལས་རིགས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་མཐོ་རུ་བཏང་བ། གཙོ་གནད་ཐོན་ལས་མུ་ཕྲེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཆག་པ་ནས་འཕར་བར་བསྒྱུར་ཡོད། གྲངས་ཀའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་5Gསྤྱོད་མཁན་ཁྱབ་ཚད་50%ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་སྔར་བས་གློད་པ་དང་། རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བསྐྱེད་ནས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་66.2%བར་མཐོ་རུ་བཏང་ཡོད། ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་ཤུགས་བརྒྱབ་ནས། གནོད་འགོག་དང་ལོ་ལེགས་བརྩོན་ལེན་ནུས་ལྡན་བྱས་ཏེ། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་གི་ཐོན་ནུས་ཆེར་སྐྱེད་བྱེད་སྒོ་ལག་བསྟར་བྱས་པ་དང་། གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པར་བྱེད་ཐབས་གསར་པ་ཁག་ཅིག་བཏོན་པ་དང་། ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱས་པས། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་དོ་མཉམ་རང་བཞིན་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་ཡོད།
  གསུམ་ནི་སྒྱུར་བཅོས་ཟབ་སྤེལ་དང་སྒོ་རྒྱ་ཆེར་འབྱེད་བྱས་ཏེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྤྱིའི་ལས་ཀའི་ཇུས་གཞི་དངོས་སུ་བཏོན་པ་དང་། འགྲན་རྩོད་དྲང་གཞག་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་ཀྱི་གཏན་འབེབས་ཁག་ཅིག་གཙང་བཤེར་བྱས་ཡོད། གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་དངུལ་ཁེ་ལས་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སོ་སོར་བཏོན་ཡོད། སྲིད་གཞུང་དང་ཁེ་ལས་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་སྤེལ་རེས་བྱེད་པའི་ལམ་སྲོལ་བཙུགས་པ་དང་། ཁེ་ལས་ཀྱི་རྩིས་ཐོ་འགྱངས་ཆད་གཙང་བཤེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད། སྒྲིག་འགལ་གྲོན་བསྡུ་བཅོས་སྒྲིག་བྱེད་པར་ཤུགས་བརྒྱབ་ཡོད། ནོར་ཁྲལ་དངུལ་རྩ་དང་། ཞིང་ལས་དང་གྲོང་གསེབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་གནས་དང་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། གློག་སྒུལ་རླངས་འཁོར་དང་། ལིས་གློག་རྫས། འོད་གློག་ཐོན་རྫས་བཅས“གསར་པ་རིགས་གསུམ་”ཕྱིར་གཏོང་30%ལ་མ་སླེབས་ཙམ་འཕར་ཡོད། ཕྱི་དངུལ་འགུགས་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལམ་ལུགས་ཅན་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་བསྐྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ནས་མཉམ་སྐྲུན་རྒྱལ་ཁབ་དང་ཚོང་དོན་མ་འཇོག་འཕར་སྣོན་ཅུང་མགྱོགས་ཙམ་བྱུང་ཡོད།
  བཞི་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་བརྒྱབ་སྟེ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་རིགས་སྒྱུར་མགྱོགས་སུ་བཏང་ཡོད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་པ་དང་། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གལ་ཆེན་མྱུར་དུ་ལག་བསྟར་བྱས་ཡོད། ས་ཆུ་ཤོར་བ་དང་ཐང་རྒོད་ཅན་དུ་འགྱུར་བ་ཕྱོགས་བསྡུས་འགོག་བཅོས་ལ་དམ་འཛིན་ལེགས་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་སྲིད་ཇུས་གཏན་འབེབས་བྱས་ཡོད། གཙོ་གནད་ལས་རིགས་ཆེས་ཉུང་འབུད་སྐྱུར་ལ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་བ་དང་། ཁག་དང་པོའི་ཐཱན་རྩེར་སོན་ཚོད་ལྟའི་གྲོང་ཁྱེར་དང་གླིང་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་བཏང་ཡོད།
  ལྔ་ནི་དམངས་འཚོ་འགན་སྲུང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ཏེ་དམངས་འཚོའི་བྱ་བ་དངོས་ཡག་པོར་བསྒྲུབས་ཡོད། ལས་ཞུགས་བརྟན་པོ་ཡོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཁེ་ལས་ཀྱིས་ལས་གནས་བརྟན་སྲུང་དང་ལས་གནས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ཡོད། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཞབས་ཞུར་ཤུགས་བརྒྱབ་པ་དང་། དབུལ་བྲལ་མི་འབོར་ལས་གཉེར་བྱེད་ཚད་ཁྲི་3300ལས་བརྒལ་ཡོད། འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། “གཉིས་འཕྲིའི”ལས་དོན་ལེགས་སྒྲུབ་བྱས་ཤིང་། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚད་འདེགས་སྐྱེད་གཅོག་བྱས་ནས་སློབ་མ་ཁྲི་1100ལྷག་ལ་ཕན་ཐོགས་ཡོད། ཏོག་གསར་ནད་དུག་འགོ་བ་དེར“ཁ་པའི་རིགས་ཁ་པ་ལྟར་དོ་དམ”གྱི་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། ཆམ་རིམས་དང་ཕྲ་གྱེས་གདོད་གཟུགས་གློ་ཚད་སོགས་འགོས་ནད་ཏན་ཏིག་གིས་འགོག་བཅོས་བྱས་ཡོད། ལས་བཟོ་བའི་སྤྱིར་བཏང་སྒོ་བསྟེན་སྨན་ཡོན་ནི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩས་སྤྲོད་པ་ལག་བསྟར་བྱས་ཡོད། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་དང་གཟིགས་སྐྱོང་གི་ཚད་གཞི་མཐོ་རུ་བཏང་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་མཐའ་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཚོ་དང་གཙང་པོ་སོགས་འབབ་རྒྱུད་ཀྱི་ཆུ་ལོག་དང་ཞོད་སྐྱོན་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ། ཀན་སུའུ་ཡི་ཅི་ཧྲི་ཧྲན་ལ་ས་ཡོམ་བྱུང་བ་སོགས་ཀྱི་ཉེན་སེལ་རོགས་སྐྱོབ་ལས་དོན་ཡག་པོར་བསྒྲུབས་པ་དང་། གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཤུགས་བརྒྱབ་ཡོད། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། ཡུལ་སྐོར་ཚོང་ར་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད། མང་ཚོགས་ཀྱི་ལུས་རྩལ་དབྱར་མཚོ་རྒྱས་པ་བཞིན་སྤེལ་ཞིང་། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དང་། ཧང་ཀྲོའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དང་། རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱིས་དཔའ་ངར་ཆེན་པོས་གྲུབ་འབྲས་བཟང་པོ་བླངས་ཡོད།
  དྲུག་ནི་ཕྱོགས་ཡོངས་ནས་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་ཡག་པོ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཡོད། ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་ནུས་སྒྲུབ་ནུས་ཆེ་རུ་བཏང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་10གྲོས་ཞིབ་གནང་བྱར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་25གཏན་འབེབས་དང་བཟོ་བཅོས་བྱས་ཡོད། སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱས་ཡོད། རང་རྟོགས་ངང་ཁྲིམས་ལྟར་ལྟ་སྐུལ་དང་ལེན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་ཡོད། བརྟག་དཔྱད་ཞིབ་འཇུག་ལ་དོ་སྣང་བྱས་ནས། སྲིད་ཇུས་དང་ལས་དོན་དེ་དོན་དངོས་དང་མཐུན་པ་དང་མང་ཚོགས་དང་ཉེ་བར་བཅར་གང་ཐུབ་བྱས་ཡོད། ལྟ་ཞིབ་ལས་དོན་གྱི་ལམ་སྲོལ་ལེགས་སྒྱུར་བྱས་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་བརྒྱབ་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་པ་དང་། “སྤྱོད་ཚུལ་བཞི”རྒྱུན་མཐུད་ངང་ཡོ་བསྲང་དང་བཅོས་སྐྱོང་བྱས་ཡོད། དངུལ་རྩའི་སྡེ་ཚན་དང་གཞུང་ཁོངས་ཁེ་ལས་སོགས་ཀྱི་སྐོར་གཟིགས་དག་ཐེར་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གསར་གཏོད་དང་འཐུས་ཚང་དུ་བཏང་བ་དང་། ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ཡོད། བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་དོ་དམ་ལ་དམ་འཛིན་ནན་པོ་བྱས་ནས་ལས་འཛོལ་ཚབས་ཆེན་འབྱུང་བའི་མངོན་མེད་རྐྱེན་ངན་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱས་ཡོད། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།
  ལོ་གཅིག་རིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་མཇལ་འཛོམས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དབུ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། ཨེ་ཤེ་ཡ་ཤར་མའི་མཉམ་ལས་དབུ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་སོགས་ཕྱོགས་མང་ཕྱོགས་གཉིས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་དང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་བདེ་བླག་ངང་སྤེལ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ཤིང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་རྒྱ་སྐྱེད་ཟབ་སྤེལ་བཏང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།
  འཐུས་མི་རྣམ་པ།
  འདས་ཟིན་པའི་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ཀྱི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་བརྟེན་པ་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་བྱས་པའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
  གྲུབ་འབྲས་ཁས་ལེན་པ་དང་དུས་མཚུངས་སུ་ང་ཚོས་མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་པོར་མཐོང་ཡོད། འཛམ་གླིང་དཔལ་འབྱོར་གྱི་འཕར་ཤུགས་མི་འདང་བ་དང་། ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཡང་ཡང་ཐོན་པ། ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ངེས་གཏན་མིན་པའི་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ལེགས་འགྱུར་ཡོང་བའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། ཕན་ནུས་ལྡན་པའི་དགོས་མཁོ་མི་འདང་བ་དང་། ལས་རིགས་ཁག་ཅིག་གི་ཐོན་ནུས་ལྷག་ཐལ་ཆེ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ཅུང་ཞན་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔར་བཞིན་ཅུང་མང་བ། རྒྱལ་ནང་གི་རེས་འཁོར་ཆེན་པོར་འགག་གནད་ཡོད་པ། རྒྱལ་སྤྱིའི་རེས་འཁོར་ལ་འགལ་རྐྱེན་གནས་ཡོད། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚང་དུད་ཚང་ཁག་ཅིག་གཉེར་སྐྱོང་བྱེད་དཀའ་བ། ལས་ཞུགས་བསྡོམས་འབོར་གྱི་གནོན་ཤུགས་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མཉམ་དུ་གནས་ཤིང་། སྤྱི་པའི་ཞབས་ཞུར་སྔར་བཞིན་ཞན་ཆ་མི་ཉུང་བ་ཡོད། ས་གནས་ཁ་ཤས་ཀྱི་གཞི་རིམ་ནོར་ཤུགས་ཅུང་མི་འདང་བ། ཚན་རྩལ་གསར་གཏོད་བྱེད་ནུས་ད་དུང་ཆེན་པོ་མེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་ད་དུང་དཀའ་གནད་མི་ཉུང་བ་ཞིག་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཞན་སར་སྣང་ཆུང་བྱེད་མི་རུང་། སྲིད་གཞུང་གི་ལས་དོན་ཐད་མི་འདང་ས་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ད་དུང་སྔར་བཞིན་མངོན་གསལ་ཡིན་ཞིང་། སྒྱུར་བཅོས་དང་གོང་སྤེལ་གྱི་བྱེད་ཐབས་ཁག་ཅིག་དོན་ཐོག་ཏུ་འཁྱོལ་ཐུབ་མེད། ལས་བྱེད་པ་ཁ་ཤས་ལ་འཁུར་ལེན་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་མེད་ལ། སྒྱིད་ལུག་འགན་བྱོལ་དང་ཕྱི་ཚུལ་ཙམ་གཉེར་བཞིན་འདུག ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་མང་པོ་འཐོན་བཞིན་ཡོད། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཐད་ཀར་གདོང་གཏད་ནས། ནུས་ཤུགས་ཡོད་རྒུས་ལས་དོན་ཡག་པོར་བསྒྲུབས་ཏེ། མི་དམངས་ཀྱི་རེ་བ་དང་མངགས་བཅོལ་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།
  གཉིས། 2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་འཛིན་ཕྱོགས།
  ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། སྲིད་གཞུང་གི་ལས་དོན་ལེགས་པར་བསྒྲུབ་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་དང་། ཡང་དག  ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་གཏོང་བ་དང་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཅིག་གྱུར་འཆར་འགོད་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་གཏོང་བཅས་བྱས་ནས་དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་ཡོང་བའི་འཕེལ་ཚུལ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་དགོས། དཔལ་འབྱོར་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་དགོས།
  ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་དང་བརྡར་ཤ་བཅད་ན། ད་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཁོར་ཡུག་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། མཐུན་རྐྱེན་དེ་འགལ་རྐྱེན་ལས་ཆེ། རང་རྒྱལ་ལ་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ཁྱད་ཡོན་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་དགོས་མཁོའི་ཁྱད་ཡོན། ཐོན་ལས་མ་ལག་ཆ་ཚང་བའི་འདོན་སྤྲོད་ཀྱི་ཁྱད་ཡོན། བྱང་ཚད་མཐོ་བའི་ངལ་རྩོལ་པ་མང་བའི་ཤེས་ལྡན་མི་སྣའི་ཁྱད་ཡོན་བཅས་ཡོད་ཅིང་། ཚན་རྩལ་གསར་གཏོད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་སྐྱེད་བཞིན་ཡོད་པ་དང་། ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། སྒུལ་ནུས་གསར་པ་བཅས་མགྱོགས་མྱུར་སྟོབས་ཆེར་འགྲོ་བཞིན་ཡོད། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་བཞིན་ཡོད། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་དང་ཡུན་རིང་ལེགས་འགྱུར་ཡོང་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ཡང་མི་སྲིད། ངེས་པར་དུ་ཡིད་ཆེས་དང་གདེང་ཚོད་ཆེ་རུ་གཏོང་དགོས། དུས་མཚུངས་སུ་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱེད་དགོས། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། གོ་སྐབས་བཟང་པོ་དམ་འཛིན་དང་མཐུན་རྐྱེན་བེད་སྤྱོད་ཡག་པོ་བྱེད་པ་དང་། ཕྱོགས་སོ་སོའི་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་ན། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་འགྱུར་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།
  ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1200ཡན་གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་པར་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་འཛིན་རྒྱུ། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གོམ་སྟབས་གཅིག་མཚུངས་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་སྲུང་འཛིན་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་པ། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྩིས་གཞི་རེའི་ནུས་ཁུངས་ཟད་གྲོན་2.5%ཡས་མས་ཆག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱ་རྒྱུ་བཅས་རེད།
  གོང་གསལ་སྔོན་དཔག་དམིགས་འབེན་བཏོན་པ་ནི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་བ་དང་། དགོས་མཁོ་དང་འབྱུང་སྲིད་པ་གཉིས་ཀར་བསམ་གཞིག་བྱས་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བའི་སྔོན་དཔག་དམིགས་འབེན་ནི་5%ཡས་མས་ཡིན། ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་དང་། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་སོགས་ཀྱི་དགོས་མཁོར་བསམ་བློ་བཏང་བར་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་དམིགས་འབེན་དང་སྦྲེལ་མཐུད་བྱས་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བའི་གཏིང་ཤུགས་དང་འདེགས་སྐྱོར་ཆ་རྐྱེན་ལའང་བསམ་བློ་བཏང་བས། ཧུར་བརྩོན་ཡར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱི་བླང་བྱ་མཚོན་ཡོད། ད་ལོའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་པས་སྲིད་ཇུས་ཀྱིས་དམིགས་གཏད་ཤུགས་འདོན་དང་། ལས་ཀར་ལྡབ་འགྱུར་གྱིས་འབད་བརྩོན། ཕྱོགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས།
  ང་ཚོས་བརྟན་ཐོག་ཡར་འཕེལ་དང་། འཕེལ་ངོས་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱེད་དགོས། བརྟན་ནི་ཁྱོན་ཡོངས་དང་རྨང་གཞི་ཡིན། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་སྔོན་དཔག་བརྟན་པོ་དང་། འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཡོང་བར་ཕན་པའི་སྲིད་ཇུས་མང་ཙམ་འདོན་པ་དང་། འཁུམ་འདུ་རང་བཞིན་དང་ཚོད་འགོག་རང་བཞིན་གྱི་བྱེད་ཐབས་འདོན་པར་གཟབ་ནན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགལ་བའི་སྲིད་ཇུས་ཀྱི་གཏན་འབེབས་གཙང་བཤེར་དང་མེད་པར་བཟོ་དགོས། འཕེལ་ནི་ཁ་ཕྱོགས་དང་སྒུལ་ཤུགས་ཡིན། འཛུགས་དགོས་རིགས་ཧུར་བརྩོན་དང་རང་འགུལ་ངང་འཛུགས་དགོས་པ་དང་། གཏོར་དགོས་རིགས་བཙུགས་པའི་རྨང་གཞིའི་ཐོག་སེམས་ཐག་གཙང་བཅད་ཀྱིས་གཏོར་དགོས་ཏེ། ལྷག་པར་དུ་བྱེད་སྟངས་སྒྱུར་བ་དང་། གྲུབ་ཚུལ་ལེགས་སྒྲིག སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་གཏོང་བཅས་ཀྱི་ཐད་ཡར་རྒྱས་བརྩོན་ལེན་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་ཡོ་བྱད་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས།
  དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་། སྤུས་ཕྱོད་མཉམ་འདེགས་བྱེད་དགོས། འཕེལ་རྒྱས་ཀྱི་དགོས་མཁོ་དང་ནོར་སྲིད་རྒྱུན་མཐུད་ཡོང་བར་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་སྟེ། ནོར་སྲིད་སྲིད་ཇུས་ཀྱི་བར་མཐོངས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྲིད་ཇུས་ཀྱི་ཡོ་བྱད་སྡེབ་སྒྲིག་ལེགས་སྒྱུར་བྱེད་དགོས། མཚལ་ཡིག་གི་ཚད་3%ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། མཚལ་ཡིག་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་4.06ཡིན་པས་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་དུང་ཕྱུར་1800འཕར་ཡོད། སྔོན་དཔག་བྱས་ན་ད་ལོའི་ནོར་སྲིད་ཀྱི་ཡོང་སྒོ་མུ་མཐུད་འཕར་སྣོན་སླར་གསོ་ཡོང་བ་དང་། དེའི་ཐོག་སྤོ་འདྲེན་བྱས་པའི་མ་དངུལ་སོགས་བསྣན་ན། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་28.5ཡིན་པ་དང་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་1.1འཕར་ཡོད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.9བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་ལོ་གོང་མ་ལས་སྒོར་དུང་ཕྱུར་1000འཕར་ཡོད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བྱེད་རིམ་ཁྲོད་ཀྱི་ལས་གཞི་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་པའི་མ་དངུལ་གྱི་གནད་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཆེད། ད་ལོ་ནས་བཟུང་བསྟུད་མར་ལོ་ཁ་ཤས་རིང་དུས་ཡུན་ཚད་བརྒལ་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱེད་རྩིས་ཡོད་ལ། ཆེད་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་ཏེ།  ད་ལོ་སྔོན་ལ་སྒོར་དུང་ཕྱུར་ཁྲི་1འགྲེམས་སྤེལ་བྱ་རྒྱུ་ཡིན། ད་ལྟ་ཕྱོགས་མང་པོའི་ཐད་ནོར་སྲིད་ཀྱི་མ་དངུལ་མང་དུ་གཏོང་དགོས་པས། གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་གཞི་རྩའི་དམངས་འཚོའི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་དོ་མཉམ་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་ཡོད་པའི་ས་ཁུལ་ལ་འོས་འཚམ་ཕྱོགས་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ནོར་ཤུགས་གཤམ་སྒྱུར་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི“འགན་སྲུང་གསུམ་”གྱི་མཐའ་ཚད་དམ་པོར་སྲུང་དགོས། གྲུབ་ཚུལ་རང་བཞིན་གྱི་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཡོང་བར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། ནོར་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ངོ་སོའི་ལས་གྲྭ་དང་སྣང་བརྙན་ལས་གྲྭ་གཉེར་རིགས་གཏན་འགོག་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྲིད་གཞུང་རིམ་པ་ཁག་གིས་བཟའ་མཁས་སྤྱོད་མཁས་གོམས་པར་བྱེད་པ་དང་། ཞིབ་རྩིས་ངོ་མ་བརྒྱབ་ནས་ནོར་སྲིད་ཀྱི་མ་དངུལ་ཏན་ཏིག་གིས་མཁོ་ཆེ་སར་སྤྱོད་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
  དངུལ་ལོར་སྲིད་ཇུས་བརྟན་པོ་སྐབས་བསྟུན་འོས་འཚམ་དང་གནད་འཁེལ་ནུས་ལྡན་ཡིན་དགོས། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོད་པ་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་མ་དངུལ་སྡུད་པའི་གཞི་ཁྱོན་དང་དངུལ་ལོར་འདོན་སྤྲོད་བྱེད་ཚད་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་མཐུན་པར་བྱེད་དགོས། སྤྱི་འབོར་དང་གྲུབ་ཚུལ་སྙོམས་སྒྲིག་ཉིས་བརྩེགས་བྱེད་ཤུགས་ཆེ་རུ་བཏང་ནས་གསོག་ཐེབས་ཕན་སྒྱུར་དང་ནུས་ཕྱོད་མཐོར་འདེགས་གཏོང་བ་དང་། འཐབ་ཇུས་གལ་ཆེན་དང་། ཁྱབ་ཁོངས་གཙོ་བོ། ལྷུ་ཚིགས་ཞན་ས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་སྡུད་ཀྱི་མ་གནས་བརྟན་ཐོག་འབེབས་ཡོད་བྱེད་དགོས། དངུལ་ལོར་སྲིད་ཇུས་བརྒྱུད་འདྲེན་ལམ་སྲོལ་ཤར་བགྲོད་བྱས་ནས་མ་དངུལ་སྤུངས་བསགས་དང་སྟོང་འཁོར་མི་ཡོང་བ་བྱེད་དགོས། མ་རྩའི་ཚོང་རའི་ནང་གནས་ཀྱི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོ་དངུལ་རྩ། གྲངས་ཀའི་དངུལ་རྩ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། དངུལ་སྡུད་རྟོན་སྐྱེད་དང་། ཉེན་ཁ་མཉམ་འཁུར། ཆ་འཕྲིན་མཉམ་སྤྱོད་སོགས་ལེ་ལག་ཚང་བའི་བྱེད་ཐབས་ལེགས་སྒྱུར་བྱས་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་སྡུད་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་དགོས།
  སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་དཔྱད་དཔོག་བྱེད་ཁོངས་སུ་འཇུག་པ། སྲིད་ཇུས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་མཐུན་ཤུགས་འདོན་དང་སྒྲིལ་ཤུགས་ཆགས་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་གཏན་འབེབས་ཐད་ཕྱོགས་ཁག་གི་བསམ་འཆར་ལ་ནན་ཏན་གྱིས་ཉན་པ་དང་བསྡུ་ལེན་བྱེད་དགོས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཀྱིས་ཚོང་རར་འབྲེལ་འདྲིས་དང་ཁེ་ལས་ཀྱི་དོ་ཁུར་ལ་ལན་སློག་པར་སྣང་ཆེན་བྱེད་དགོས། སྲིད་ཇུས་ལག་བསྟར་ཐད་མཐུན་སྦྱོར་མཉམ་འགུལ་དང་སྡེབ་སྒྲིག་གི་ཕན་འབྲས་ཆེ་རུ་བཏང་ནས་འདི་བཟུང་དེ་ཤོར་དང་ཕན་ཚུན་འགལ་རྐྱེན་བཟོ་བ་སྔོན་འགོག་བྱེད་དགོས། སྲིད་ཇུས་ཞིབ་འཇུག་དང་གསོག་འཇོག་བྱེད་པར་རྒྱང་ལྟའི་རང་བཞིན་ཆེ་རུ་སྐྱེད་པ་དང་། ཡོ་བྱད་སྒམ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་མ་ཟད། བར་མཐོངས་ཆེན་པོ་བཞག་ནས། དགོས་མཁོ་ཡོད་ཚེ་དུས་ཐོག་ཏུ་འདོན་ཐུབ་པ་དང་། ནུས་པ་འདོན་སྤེལ་ནུས་ལྡན་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་རྗེས་འདེད་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ཚད་གཞི་གལ་ཆེན་དུ་བརྩིས་ནས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་གནད་འཁེལ་ཡག་པོ་བྱས་ཏེ་བརྟན་པོ་དང་། ཕྱི་གསལ་ནང་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་སྲིད་ཇུས་ཁོར་ཡུག་གཏོད་དགོས།
  ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་ནས་འབྲེལ་བ་གལ་ཆེན་སྟངས་འཛིན་དང་ཐག་གཅོད་ཡག་པོ་བྱས་ཏེ་སྤྱིའི་ཆ་ནས་ལས་དོན་ཁག་ཇུས་འགོད་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་རྨང་བརྟན་ཟུངས་སྐྱེད་བྱེད་པ་དང་། སྤྱི་ཁོག་སྙོམས་སྒྲིག་གི་དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་དང་། ཁེ་ལས་དང་མང་ཚོགས་ཀྱི་རེ་སྒུག་ཁྲོད་ནས་ལས་ཀའི་གཞི་འཛིན་ས་དང་སྲིད་ཇུས་ཀྱི་ཤུགས་འདོན་ས་གནད་འཁེལ་འཚོལ་བར་སྣང་ཆེན་བྱེད་པ་དང་། ལོ་ཧྲིལ་པོའི་འཕར་སྣོན་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕེལ་རྒྱས་ལ་ཐབས་འདོན་དང་ཁེ་ལས་ལ་རོགས་རམ་སྔར་བས་མང་བ་བྱེད་དགོས། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་ནས་དམངས་འཚོའི་ཞན་ཆ་སེལ་བའི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུར་སྣང་ཆེན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། རྩ་བའི་ཆ་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན་སྒྱུར་བཅོས་ལ་བརྟེན་དགོས། ང་ཚོས་ཆོད་སེམས་དང་ཤུགས་ཚད་སྔར་ལས་ཆེ་བར་བརྟེན་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་། ཕན་ནུས་ལྡན་པའི་ཚོང་ར་དང་གོ་འཕེར་བའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་ཡག་པོ་བྱ་རྒྱུར་སྐུལ་འདེད། སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་སྐུལ་སྤེལ་དང་ཆེར་སྐྱེད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས།
  གསུམ། 2024ལོའི་སྲིད་གཞུང་གི་ལས་དོན་ལས་འགན།
  ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ལ། འགལ་བ་གཙོ་བོ་དམ་པོར་འཛིན་པ་དང་། འགག་མདོའི་ཚོད་འཛིན་ལས་བརྒལ་བར་ཤུགས་བརྒྱབ་ནས། ལས་དོན་ཁག་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས།
  (གཅིག) དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་འཕེལ་རྒྱས་གཏོང་དགོས། གསར་གཏོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔེ་གསར་བཟོ་ལས་ཅན་ལ་སྐུལ་འདེད་གང་མགྱོགས་གཏོང་བ། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
  ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བ་མཐའ་འཁྱོངས་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཆད་སྐྱོན་གསབ་པ་དང་། བཟང་ཆ་དར་སྤེལ། གསར་ཆ་སྐྲུན་བཟོ་བཅས་ལ་ཤུགས་བརྒྱབ་སྟེ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལྡེམ་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤོར་འདུ་འགོད་ལག་བསྟར་བྱེད་པ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། རྒྱལ་ཁབ་ཀྱི་དཔེ་གསར་བཟོ་ལས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་དང་། སྲོལ་རྒྱུན་ཐོན་ལས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གང་མགྱོགས་འཕེལ་རྒྱས་གཏོང་དགོས། ཁེ་ལས་འབྲིང་ཆུང་ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་གྲས་བཅས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚད་གཞིས་སྣེ་ཁྲིད་དང་སྤུས་ཚད་ཀྱིས་འདེགས་སྐྱོར་ལ་ཤུགས་བརྒྱབ་ནས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི“ཀྲུང་གོའི་བཟོ་སྐྲུན”གྱི་སྤུས་རྟགས་དེ་བས་མང་བ་གཏོད་དགོས།
  གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ཐོན་ལས་གསར་གཏོད་ལས་གྲྭ་ལག་བསྟར་བྱས་ཏེ། ཐོན་ལས་སྐྱེ་ཁམས་འཐུས་སྒོ་ཚང་དུ་གཏོང་བ་དང་། བཀོལ་སྤྱོད་བྱ་ཡུལ་རྒྱ་སྐྱེད་བཏང་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་འདྲེས་དང་ཁྱུ་ཚོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིག་ནུས་དང་དྲ་སྦྲེལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་སོགས་ཐོན་ལས་ཀྱི་སྔོན་ཐོན་དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། མདུན་གྲལ་གསར་དར་གྱི་ཆིང་ནུས་དང་། རྒྱུ་ཆ་གསར་པ། གསར་གཏོད་སྨན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། སྐྱེ་དངོས་བཟོ་སྐྲུན་དང་། ཚོང་ལས་མཁའ་སྐྱོད། དམའ་དབྱིངས་དཔལ་འབྱོར་སོགས་འཕར་སྣོན་ཡོང་བའི་སྒུལ་ཤུགས་གསར་པ་ཧུར་ཐག་གཏོད་དགོས། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་པ་དང་། ཚད་རྡུལ་ལག་རྩལ་དང་ཚེ་སྲོག་ཚན་རིག་སོགས་འགྲན་ལམ་གསར་པ་བཏོད་ནས། འབྱུང་འགྱུར་ཐོན་ལས་ཀྱི་སྣེ་ཁྲིད་ཁུལ་ཁག་གཅིག་འཛུགས་གཏོད་བྱེད་དགོས། ལས་གཏོད་དངུལ་འཇོག་དང་རྐང་དབང་དངུལ་འཇོག་འཕེལ་རྒྱས་ལ་བསྔགས་སྐུལ་བྱས་ནས། ཐོན་ལས་ཀྱི་དངུལ་འཇོག་ཐེབས་རྩའི་བྱེད་ལས་ལེགས་སྒྱུར་གཏོང་དགོས། གཙོ་གནད་ལས་རིགས་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་དངུལ་འཇོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ནུས་ལྷག་ཐལ་ཆེ་བ་དང་ཆུ་ཚད་དམའ་བའི་བསྐྱར་ཟློས་འཛུགས་སྐྲུན་སྔོན་འགོག་བྱེད་དགོས།
  གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱེད་པ་དང་། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་མཐུན་སྦྱོར་ངང་སྐུལ་འདེད་ཧུར་ཐག་བཏང་ནས། གྲངས་འཛིན་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས་སོགས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཟབ་སྤེལ་བྱེད་པ་དང་། “མིས་བཟོས་རིག་ནུས་+”བྱ་སྤྱོད་སྤེལ་ནས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་གཏོད་དགོས། བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་སྒྱུར་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། བཟོ་ལས་དྲ་སྦྲེལ་གཞི་ཁྱོན་ཅན་དུ་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཞབས་ཞུའི་ལས་རིགས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ། རིག་ལྡན་གྲོང་ཁྱེར་དང་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་བཅས་བྱེད་དགོས། ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་གྱི་ནུས་སྩོལ་ཆེད་དམིགས་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། ལས་སྟེགས་ཁེ་ལས་ཀྱིས་གསར་གཏོད་ལ་སྐུལ་འདེད་དང་། ལས་ཞུགས་མང་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་བཅས་ཀྱི་ཁྲོད་དུ་ནུས་ཤུགས་གང་ཡོད་འདོན་པར་རྒྱབ་སྐྱོར་བྱེད་དགོས། གཞི་གྲངས་ཀྱི་རྨང་གཞིའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། གཞི་གྲངས་གསར་སྤེལ་སྒོ་འབྱེད་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་སྔོན་བརྒལ་འོས་འཚམ་གྱིས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩི་ནུས་མ་ལག་གང་མགྱོགས་ཆགས་པར་བྱེད་པ་དང་། རྩི་ནུས་ཐོན་ལས་ཀྱི་སྐྱེ་ཁམས་སྐྱེད་སྲིང་བྱེད་དགོས། ང་ཚོས་རྒྱ་ཆེ་ཞིང་གཏིང་ཟབ་པའི་གྲངས་འཛིན་འཕོ་འགྱུར་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་སྩོལ་བ་དང་། མི་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
  (གཉིས) ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱ་རྒྱུ་གཞི་གཅིག་ཏུ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་དང་། ཐོན་ལས། མ་དངུལ། ཤེས་ལྡན་པ་བཅས་ཀྱི་འཁོར་འབྲེལ་གཞི་གཅིག་ཏུ་བཀོད་སྒྲིག་ལག་བསྟར་བྱེད་པ་རྒྱུན་འཁྱོངས། སློབ་གསོ་ཚན་རྩལ་ཤེས་ལྡན་པ་བཅས་གསུམ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།
  སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་སྲོག་རྩར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་གཏན་འབེབས་དང་ལག་བསྟར་བྱེད་དགོས། སྤྱོད་བཟང་དར་སྤེལ་དང་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་དང་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོའི་ལེགས་སྐྱེད་སྤུས་འདེགས་བྱ་སྤྱོད་སྤེལ་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་རྒྱུན་མཐུད་ངང“གཉིས་འཕྲི”ཟབ་སྤེལ་བྱེད་དགོས། སློབ་ན་མ་སོན་གོང་གི་སློབ་གསོ་ཀུན་ཕན་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་སློབ་ཁྲིད་མིན་པའི་ཁུར་པོ་ཡང་དུ་གཏོང་དགོས། དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་ལེགས་པར་གཉེར་བ་དང་། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་བ། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་གནས་ལག་བསྟར་བྱེད་པ་དང་། རིག་ཚན་ཆེད་ལས་དང་ཐོན་ཁུངས་གྲུབ་ཚུལ་གྱི་བཀོད་པ་ལེགས་སྒྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་རྩེ་གྲ་ཡིན་པའི་སློབ་ཆེན་དང་དགེ་མཚན་ཅན་གྱི་རིག་ཚན་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། སྤྱོད་སྒོ་ཅན་གྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་སྟོབས་ཆེན་འཛུགས་པ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་སློབ་སྒྲུབ་དངོས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས། གྲངས་འཛིན་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་དགོས།ང་ཚོས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། མི་དམངས་ཀྱི་བདེ་སྐྱིད་རྩ་བ་བརྟན་པོར་འཛུགས་པ་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྨང་གཞི་བརྟན་དུ་གཏོང་དགོས།
  ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་མ་ལག་གི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། གསར་གཏོད་ཀྱི་རྟེན་གཞི་དང་། དགེ་མཚན་ལྡན་པའི་ཚོགས་པ། ཁ་ཕྱོགས་གཙོ་བོ་བཅས་ཁག་ཅིག་དུས་ཡུན་རིང་པོར་གཏན་ཆགས་བཟོ་བ་དང་དེར་རྒྱབ་སྐྱོར་བྱེད་པ། ཐོག་མའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་གལ་གནད་ཆེ་བའི་འཐབ་ཇུས་དགོས་མཁོ་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ནས་གནད་ཆེའི་ཚན་རྩལ་ལས་གཞི་ཁག་ཅིག་ལག་བསྟར་བཀོད་སྒྲིག་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ཐོན་ཁུངས་གཅིག་ཏུ་བསྡུས་ནས། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་མཉམ་སྡེབ་ཀྱིས་འགག་སྒྲོལ་བྱེད་པ་དང་། རྩ་སློག་རང་བཞིན་གྱི་ལག་རྩལ་དང་མདུན་གྲལ་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཚོད་ལྟ་ཁང་གི་འཁོར་སྐྱོད་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཁྱབ་འགྱེད་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གནད་ཆེན་མ་ལག་ཅན་གྱི་བཀོད་པ་ལག་བསྟར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ་ལས་སྟེགས་དང་དུས་དཀྱིལ་ཚོད་ལྟ་ར་སྤྲོད་བྱེད་པའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་རྒྱག་པ་དང་། ཁེ་ལས་ཀྱིས་གསར་གཏོད་ལ་གཏོང་སྒོ་མང་དུ་གཏོང་བར་སྐུལ་ལྕག་གཏོང་བ། ཐོན་སློབ་ཞིབ་བཀོལ་ཟུང་འབྲེལ་གཏིང་ཟབ་བྱེད་པ། དངོས་ཤུགས་ཡོད་པའི་ཁེ་ལས་ཀྱིས་འགག་སྒྲོལ་ལས་འགན་གནད་ཆེན་གྱི་སྣེ་ཁྲིད་པར་རྒྱབ་སྐྱོར་བཅས་བྱེད་དགོས། བདེ་ཐང་དང་། རྒན་གསོ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་དམངས་འཚོའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ཆགས་པར་བྱེད་དགོས་པ་དང་། ཚན་རྩལ་གདེང་འཇོག་དང་། ཚན་རྩལ་གཟེངས་བསྟོད། ཚན་ཞིབ་ལས་གཞི། འགྲོ་གྲོན་དོ་དམ་ལམ་ལུགས་བཅས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ། “སྒྲུབ་འགན་ཁས་ལེན”ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་རིགས་སྒྱུར་དངོས་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་བཟོ་དགོས། ཚན་རིག་ཁྱབ་གདལ་རྒྱ་ཁྱབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་རིག་གནས་སྐྱེད་སྲིང་བྱེད་པ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་སྲོལ་བཟང་པོ་གསོ་སྤེལ་བཅས་བྱས་ནས། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་རྒྱ་སྐྱེད་བཏང་སྟེ་གོ་ལ་ཧྲིལ་པོར་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་སྐྲུན་དགོས།
  ཕྱོགས་མཐའ་ཀུན་ནས་ཤེས་ལྡན་པ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས། སྔར་བས་དགེ་མཚན་ལྡན་པ་དང་། སྔར་བས་སྒོ་དབྱེ། སྔར་བས་ཕན་ནུས་ལྡན་པ་བཅས་ཀྱི་ཤེས་ལྡན་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། ཆུ་ཚད་མཐོ་བའི་ཤེས་ལྡན་པ་མཐོ་ས་དང་ཤེས་ལྡན་པ་འགུག་པ་དང་བསྡུ་རུབ་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པའི་ས་ཁོངས་བཀོད་སྒྲིག་ལུགས་མཐུན་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ་རྩེ་གྲ་དང་གསར་གཏོད་རུ་ཁག་སྔར་བས་མང་བ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པར་འབད་བརྩོན་བྱེད་པ། གསར་གཏོད་ཀྱི་ཤེས་ལྡན་པ་རྩེར་སོན་གསར་རྙེད་དང་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པ་གསོ་སྐྱོང་ལས་སྟེགས་འཛུགས་སྐྲུན་བྱེད་པ། ཕུལ་བྱུང་བཟོ་བཀོད་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་པ། གཞོན་ནུ་ཚན་རྩལ་ཤེས་ལྡན་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་པའི་རྒྱལ་སྤྱིའི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཤེས་ལྡན་པའི་གདེང་འཇོག་མ་ལག་གང་མགྱོགས་འཛུགས་པ་དང་། ལས་ཀ་དང་འཚོ་བའི་འགན་སྲུང་དང་གཟེངས་བསྟོད་བྱ་དགའ་སྤྲོད་པའི་ལམ་ལུགས་ལེགས་སྒྱུར་བྱེད་དགོས། ང་ཚོས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་བཅོས་ཐད་རྒྱུན་མཐུད་ཤུགས་བཏོན་ཏེ། ཡོན་ཏན་གང་ཡོད་འདོན་པ་དང་འཇོན་ནུས་གང་ཡོད་མངོན་པའི་རྣམ་པ་ཡག་པོ་ཆགས་པར་བྱེད་དགོས།
  (གསུམ) རྒྱལ་ནང་གི་དགོས་མཁོ་ཆེ་རུ་གང་ཐུབ་བཏང་སྟེ། དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། འཛད་སྤྱོད་དང་དངུལ་འཇོག་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པ་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
  འཛད་སྤྱོད་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། ཡོང་འབབ་མང་དུ་གཏོང་བ་དང་། མཁོ་སྤྲོད་ལེགས་སྒྱུར། ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཉུང་དུ་གཏོང་བ་སོགས་ཀྱི་ཐད་ཕྱོགས་བསྡུས་སྲིད་ཇུས་སྤེལ་ནས་འཛད་སྤྱོད་གཏིང་ཤུགས་འདོན་སྤེལ་བྱེད་དགོས། འཛད་སྤྱོད་དཔེ་གསར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། གྲངས་འཛིན་འཛད་སྤྱོད་དང་། ལྗང་མདོག་འཛད་སྤྱོད། བདེ་ཐང་འཛད་སྤྱོད་བཅས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། རིག་ནུས་ཁྱིམ་མཁོ་དང་། རིག་རྩེད་ཡུལ་སྐོར། ལུས་རྩལ་འགྲན་བསྡུར། རྒྱལ་ཟོག“སྦིར་ཟོང”སོགས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། སྲོལ་རྒྱུན་གྱི་འཛད་སྤྱོད་བརྟན་པོ་དང་རྒྱ་སྐྱེད་གཏོང་བ་དང་། འཛད་རྫས་རྙིང་ཚབ་གསར་བརྗེ་ལ་བསྔགས་སྐུལ་དང་སྐུལ་འདེད་གཏོང་དགོས། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་དང་གློག་རྡུལ་ཐོན་རྫས་སོགས་འཛད་སྤྱོད་འབོར་ཆེན་ཆེར་སྐྱེད་བྱེད་དགོས། རྒན་གསོ་དང་། བྱིས་སྐྱོང་། ཁྱིམ་ལས་སོགས་ཀྱི་ཞབས་ཞུ་ཤོང་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྡེ་ཁུལ་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། “འཛད་སྤྱོད་སྐུལ་འདེད་ལོའི”བྱེད་སྒོ་སྤེལ་བ། “བློ་བདེའི་འཛད་སྤྱོད་བྱ་སྤྱོད”སྤེལ་བ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ཕོགས་ལྡན་གུང་གསེང་ལམ་ལུགས་དོན་འཁྱོལ་བཅས་བྱེད་དགོས། ཚད་གཞི་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཚད་གཞིའི་མ་ལག་གང་མགྱོགས་འཛུགས་པ། ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།
  ཕན་གོ་ཆོད་པའི་མ་དངུལ་འཇོག་པ་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། སྲིད་གཞུང་གིས་མ་དངུལ་འཇོག་པའི་སྣེ་ཁྲིད་ཆེར་སྐྱེད་ཀྱི་ནུས་འབྲས་འདོན་སྤེལ་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་། རྨང་གཞིའི་སྒྲིག་བཀོད་དཔེ་གསར། ནུས་བསྲི་སྙིགས་འཕྲི་ཐཱན་གཅོག་གསུམ་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། དམངས་འཚོ་སོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉམས་ཞན་ཁྱབ་ཁོངས་ཀྱི་ཆད་སྐྱོན་སེལ་རྒྱུར་ཤུགས་རྒྱག་པ་དང་། ཆུ་ལོག་འགོག་པ་དང་འཁྱིལ་ཆུ་གཤོང་བ། གནོད་སྐྱོན་འགོག་པ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་ཆས་སྣ་ཚོགས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལས་གྲྭའི་ལས་གཞི་གནད་ཆེན་གང་མགྱོགས་ལག་བསྟར་བྱེད་དགོས། ད་ལོར་ཀྲུང་དབྱང་གི་སྔོན་རྩིས་ཁོངས་ཀྱི་མ་དངུལ་འཇོག་པར་སྒོར་དུང་ཕྱུར་7000བཀོད་སྒྲིག་བྱ་རྩིས་ཡོད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འཇོག་ཁོངས་དང་མ་རྩའི་དངུལ་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་ལུགས་མཐུན་གཏོང་བ་དང་། གྲངས་འབོར་བགོ་བཤའ་དེ་ལས་གཞི་གྲ་སྒྲིག་གང་ལེགས་དང་མ་དངུལ་འཇོག་རྒྱུ་ལས་ཆོད་ཅུང་ཆེ་བའི་ས་ཁུལ་ལ་ཕྱོགས་པར་བྱེད་དགོས། མ་དངུལ་སྣ་ཚོགས་གཅིག་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱས་ནས་ཕན་གོ་ཆུང་ཞིང་གོ་ཆོད་མེད་པའི་མ་དངུལ་འཇོག་པའི་རིགས་སྔོན་འགོག་བྱེད་དགོས། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། དམངས་ཁྲོད་མ་དངུལ་འཇོག་རྒྱུ་བརྟན་པོ་དང་རྒྱ་སྐྱེད་གཏོང་རྒྱུར་ཤུགས་རྒྱག་པ་དང་། རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལམ་སྲོལ་གསར་པ་ལག་བསྟར་བྱེད་པ་དང་། དམངས་ཁྲོད་ཀྱི་མ་རྩ་ལས་གཞི་གནད་ཆེན་འཛུགས་སྐྲུན་ནང་ཞུགས་པར་བསྔགས་སྐུལ་བྱེད་པ། འགོག་ར་སྣ་ཚོགས་རིམ་གྱིས་མེད་པར་བཟོ་བ། དམངས་ཁྲོད་མ་དངུལ་འཇོག་པའི་ཁྱབ་ཁོངས་སྔར་ལས་མང་བ་ཡོང་ཐུབ་པ་དང་། འཕེལ་རྒྱས་འགྲོ་ཐུབ་པ། དོན་ཆེན་བསྒྲུབ་རྒྱུ་ཡོད་པ་བཅས་བྱེད་དགོས།
  (བཞི) བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བཅས་བྱས་ཏེ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས།
  གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་དངུལ་ཁེ་ལས་བཅས་ཚང་མ་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་དྲང་སྙོམས་འགྲན་རྩོད་དང་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བཟང་པོ་སྐྲུན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། འཛམ་གླིང་གི་ཁེ་ལས་རྩེ་གྲ་སྔར་ལས་མང་བ་སྐྲུན་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་སྤེལ་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་སྒོ་གཙོ་བོ་དྲག་བཟང་དུ་བཏང་ནས། སྲོག་ཤིང་གི་བྱེད་ལས་ཆེ་རུ་གཏོང་བ་དང་སྲོག་ཤིང་གི་འགྲན་རྩོད་བྱེད་ནུས་མཐོ་རུ་གཏོང་དགོས། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཁྲིད་སྟོན་ལམ་ལུགས་འཛུགས་དགོས། ཕྱོགས་ཡོངས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བའི་བསམ་འཆར་དང་ཆ་ལག་ཚང་བའི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། ཚོང་རར་ཞུགས་འཐུས་དང་། བདག་རྐྱེན་ཐོབ་ཐབས། ཁྲིམས་བསྟར་དྲང་སྙོམས། ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ཐད་དུ་གནས་པའི་གནད་དོན་མངོན་གསལ་ཅན་རིམ་གྱིས་ཐག་གཅོད་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་གྱི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་བུན་གཏོང་དངུལ་སྡུད་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། སྒེར་གཉེར་བཟོ་ཚང་དུད་ཚང་ལ་རིགས་དབྱེ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་གཅོག་པའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་འགོག་ཟོན་དང་ཁྱད་གསོད་བྱེད་པའི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། བསྡུ་ཆ་གང་བྱུང་དུ་རྒྱག་པ་བཅས་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁེ་ལས་པས་བློ་རྩེ་གཅིག་ཏུ་གཞོལ་ནས་གསར་གཏོད་འཕེལ་རྒྱས་གཏོང་བ་དང་། སྒྲུབ་ཕོད་མཆོང་ཕོད་གཏོང་ཕོད་བྱེད་པ། ཏན་ཏན་ཏིག་ཏིག་གིས་ཁེ་ལས་ལེགས་པར་གཉེར་བ་བཅས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས།
  རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཚད་གཞིའི་མཛུབ་སྟོན་གཏན་འབེབས་བྱེད་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་། ཚོང་རར་ཞུགས་འཐུས། འདྲ་མཉམ་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་ཐད་ལམ་ལུགས་དང་སྒྲིག་སྲོལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་པར་ཤུགས་འདོན་དགོས། བདག་རྐྱེན་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཟབ་སྤེལ་བྱེད་དགོས། དྲང་སྙོམས་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་སྲིད་འཛིན་ཁྲིམས་སྲོལ་འདོན་པ་དང་། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ས་གནས་སྲུང་སྐྱོབ་དང་། ཚོང་ར་ལོགས་འབྱེད། ཚོང་འགུག་དངུལ་འདྲེན་གྱི་ཚུལ་མིན་འགྲན་རྩོད་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ཆེད་དམིགས་བཅོས་སྐྱོང་བྱེད་དགོས། འོས་འགུག་འོས་སྤྲོད་ཚོང་ར་ཚད་ལྡན་དུ་གཏོང་བ་དང་དོ་དམ་བྱེད་པར་ཤུགས་རྒྱག་དགོས། ཁྲིམས་ལྟར་ལྟ་སྐུལ་དོ་དམ་རྒྱུན་འཁྱོངས་བྱེད་དགོས། ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་གནད་འཁེལ་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་དང་། དྲང་སྙོམས་འགྲན་རྩོད་ཀྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
  ནོར་ཁྲལ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་དགོས། རེབ་གསར་པའི་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཇུས་འགོད་བྱས་ཏེ། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནོར་ཁྲལ་དང་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གློག་ཤུགས་དང་། སྣུམ་རླངས། ལྕགས་ལམ། ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཡོང་འབབ་བགོ་བཤའ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། རྒན་གསོ་ཞབས་ཞུ་སོགས་སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།
  (ལྔ།) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། གཉིས་ཕན་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་དགོས། རང་འགུལ་གྱིས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྦྲེལ་མཐུད་བྱེད་པ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་བསྐྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་རིགས་གཉིས་ཀྱི་མཉམ་འགུལ་གྱི་ཕན་ནུས་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་གྱི་གཞི་རྩའི་ཁྱོན་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་སྐྱེད་སྲིང་བྱེད་དགོས།
  ཕྱི་ཕྱོགས་ཉོ་ཚོང་གི་སྤུས་འཕར་འབོར་བརྟན་ལ་སྐུལ་འདེད་གཏོང་དགོས། ཕྱིར་གཏོང་ནང་འདྲེན་གྱི་ཡིད་རྟོན་དངུལ་བུན་དང་ཕྱིར་གཏོང་ཡིད་རྟོན་འགན་ལེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་ལས་བརྒལ་བའི་བསྡོམས་རྩིས་དང་དངུལ་བརྗེ་འཛའ་ཐང་གི་ཉེན་ཁ་དོ་དམ་སོགས་ཀྱི་ཞབས་ཞུ་ལེགས་སྒྱུར་གཏོང་བ་དང་། ཁེ་ལས་ཀྱིས་སྣ་མང་ཅན་གྱི་ཚོང་ར་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཕྱིའི་བང་མཛོད་ཀྱི་བཀོད་པ་ལེགས་སྒྱུར་གཏོང་བ་དང་། ལས་སྣོན་ཉོ་ཚོང་གི་གནས་རིམ་སྤོར་བར་རྒྱབ་སྐྱོར་བྱེད་པ། བར་མའི་ཐོན་རྫས་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་སོགས་འཕར་གཞི་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། མཐའ་མཚམས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་རྒྱལ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་ལག་བསྟར་བྱེད་དགོས། ཞབས་ཞུའི་ཉོ་ཚོང་དང་གྲངས་ཀའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འདོན་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ནང་འདྲེན་དངོས་མང་འགྲེམས་ཚོགས་དང་། ཀོང་ཀྲོའུ་ཉོ་ཚོང་འདུ་ཚོགས། ཞབས་ཞུའི་ཉོ་ཚོང་འགྲེམས་ཚོགས། གྲངས་ཀའི་ཉོ་ཚོང་འགྲེམས་ཚོགས། འཛད་རྫས་དངོས་མང་འགྲེམས་ཚོགས་སོགས་འགྲེམས་ཚོགས་གནད་ཆེན་ལེགས་པར་གཉེར་དགོས། རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། རིག་ལྡན་འགག་སྒོ་གཏོད་དེ་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་མ་གནས་གཅོག་པ་དང་ཕན་ནུས་མཐོ་རུ་གཏོང་བར་རོགས་རམ་བྱེད་དགོས།
  ཕྱི་དངུལ་འགུག་ཤུགས་ཆེ་རུ་གཏོང་དགོས། ཕྱི་དངུལ་ཞུགས་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་མུ་མཐུད་ཇེ་ཉུང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་མེད་པར་བཟོ་བ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཚོང་རར་ཞུགས་འཐུས་ལྷུག་ཏུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བསྔགས་སྐུལ་བྱེད་པའི་ཐོན་ལས་དཀར་ཆག་རྒྱ་སྐྱེད་གཏོང་བ་དང་། ཕྱི་དངུལ་ཁེ་ལས་ཀྱིས་རྒྱལ་ནང་དུ་ཡང་བསྐྱར་མ་དངུལ་འཇོག་པར་བསྔགས་སྐུལ་བྱེད་དགོས། ཕྱི་དངུལ་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་དང་། འོས་འགུག་འོས་སྤྲོད། ཚད་གཞི་གཏན་འབེབས་བཅས་སུ་ཁྲིམས་ལྟར་འདྲ་མཉམ་ངང་ཞུགས་པར་འགན་སྲུང་བྱེད་པ་དང་། གཞི་གྲངས་རྒྱལ་ཁོངས་ལས་བརྒལ་ནས་འཁོར་སྐྱོད་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཞབས་ཞུའི་འགན་སྲུང་ལ་ཤུགས་བརྒྱབ་ནས“དངུལ་འཇོག་ཀྲུང་གོ”ཡི་སྤུས་རྟགས་སྐྲུན་དགོས། རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མི་སྣ་ཀྲུང་གོར་ཡོང་ནས་ལས་ཀ་དང་། སློབ་སྦྱོང་། ཡུལ་སྐོར་བཅས་བྱེད་པའི་སྟབས་བདེའི་ཚད་མཐོ་རུ་གཏོང་བ་དང་། གཏོང་སྤྲོད་ཞབས་འདེགས་ལེགས་སྒྱུར་བྱེད་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་མཐོར་འདེགས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་སོགས་ལ་རང་བདག་དབང་ཆ་སྔར་ལས་མང་པོ་སྤྲོད་པ། གསར་སྤེལ་ཁུལ་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་སྐྲུན་དགོས།
  སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་དོན་ཚན་བརྒྱད་དངོས་ཐོག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་དགོས། ལས་གཞི་གནད་ཆེན་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། “ཆུང་ཞིང་མཛེས་པའི”དམངས་འཚོའི་ལས་གཞི་ཁག་ཅིག་ལག་བསྟར་བྱེད་པ། གྲངས་ཀ་དང་། ལྗང་མདོག གསར་གཏོད། བདེ་ཐང་། རིག་གནས་ཡུལ་སྐོར། དབུལ་འཕྲི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
  ཕྱོགས་མང་ཕྱོགས་གཉིས་དང་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ཟབ་སྤེལ་བྱེད་དགོས། ནུས་པ་ཐོན་པའི་རང་མོས་ཉོ་ཚོང་གི་གྲོས་མཐུན་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་དང་ས་ཁུལ་སྔར་ལས་མང་པོ་དང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་གི་གྲོས་མཐུན་དང་མ་དངུལ་འཇོག་པའི་གྲོས་མཐུན་གྲོས་མོལ་བྱས་ནས་མིང་རྟགས་འགོད་དགོས། ཀྲུང་གོ་—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་མོལ་པར་གཞི་3.0ལ་སྐུལ་འདེད་གཏོང་བ་དང་། 《གྲངས་ཀའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》དང《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ནང་ཞུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྒྱུར་བཅོས་ལ་ཞུགས་པ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་ལས་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་བས་མང་པོས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་ཐོགས་པར་བྱེད་དགོས།
  (དྲུག) འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལྷག་པ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ། རྩ་ལག་མཉམ་བཅོས་ཀྱིས་ས་ཁང་ཐོན་ལས་དང་། ས་གནས་ཀྱི་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་སེལ་བ། དཔལ་འབྱོར་དང་དངུལ་རྩའི་སྤྱི་ཡོངས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བཅས་བྱེད་དགོས།
  བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་དགོས། ཉེན་ཁ་ཚབས་ཆེན་ཐག་གཅོད་བྱེད་པར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི་བཅས་ནན་དུ་བཏང་ནས་ཐག་གཅོད་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་དམ་པོར་སྲུང་དགོས། ས་ཁང་ཐོན་ལས་ཀྱི་སྲིད་ཇུས་ལེགས་སྒྱུར་གཏོང་བ་དང་། དབང་བའི་ལམ་ལུགས་མི་འདྲ་བའི་ས་ཁང་ཐོན་ལས་ཁེ་ལས་ཀྱི་ལུགས་དང་མཐུན་པའི་དངུལ་སྡུད་དགོས་མཁོར་ཕྱོགས་རིས་མེད་པར་རྒྱབ་སྐྱོར་བྱས་ཏེ། ས་ཁང་ཐོན་ལས་ཚོང་ར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་སེལ་བ་དང་འཕེལ་རྒྱས་བརྟན་པོ་ཡོང་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། བུ་ལོན་སེལ་བའི་སྡེབ་གཅིག་ཇུས་གཞི་རིམ་གྱིས་དོན་འཁྱོལ་བྱས་ཏེ། བུ་ལོན་གསོག་གྲངས་ཀྱི་ཉེན་ཁ་འོས་འཚམ་གྱིས་སེལ་བ་དང་བུ་ལོན་གྱི་ཉེན་ཁ་གསར་དུ་འཕར་བ་ནན་འགོག་བྱེད་དགོས། ས་གནས་ཁ་ཤས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་དགོས། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་དགོས།
  ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཕེལ་རྒྱས་འགྲོ་ཕྱོགས་དང་ས་ཁང་ཐོན་ལས་ཚོང་རའི་འདོན་མཁོའི་འབྲེལ་བའི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་བའི་དཔེ་རྣམ་གསར་པ་གང་མགྱོགས་འཛུགས་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་ཟོག་ཁང་པའི་འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྡོད་དམངས་ཀྱི་དགོས་ངེས་སྡོད་ཁང་གི་དགོས་མཁོ་དང་སྣ་མང་ཅན་གྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་སྐོང་དགོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་འཛུགས་པ་དང་། ཁྱབ་ཁོངས་ཡོངས་ཀྱི་ས་གནས་ཀྱི་བུ་ལོན་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ས་གནས་ཀྱི་དངུལ་སྡུད་ལས་སྟེགས་རིགས་སྒྱུར་ལ་རིགས་དབྱེ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་ཆ་ཚང་དུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཇེ་ཆེར་གཏོང་དགོས།
  གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། འབྲུ་རིགས་ཐོན་སྐྱེད་གསོག་ཉར་ལས་སྣོན་གསུམ་གྱི་མ་ལག་འཐུས་ཚང་དུ་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་མཐའ་ཡོངས་ནས་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཆུ་དྲ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ནུས་ཁུངས་དང་ཐོན་ཁུངས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣུམ་རླངས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་གཅོད་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཆེན་པོའི་གསོག་འཇོག་མ་ལག་གང་མགྱོགས་འཛུགས་པ་དང་། གཙོ་གནད་གསོག་འཇོག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲ་རྒྱ་དང་གཞི་གྲངས་སོགས་ཀྱི་བདེ་འཇགས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་ནུས་ལྡན་བྱས་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གེགས་མེད་ཤར་གཏོང་ཡོང་བར་འདེགས་སྐྱོར་བྱེད་དགོས།
  (བདུན) “ཞིང་གསུམ”ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། “གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ཕྲག་བཅོས་སྐྱོང”གི་ལས་གྲྭའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་དང་། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ཇུས་བསྟར། གོམ་པ་རིམ་བགྲོད། བརྩོན་པ་རྒྱུན་ཆགས་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་འཐོབ་པར་སྐུལ་འདེད་གཏོང་དགོས།
  འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་བརྟན་སྤྲོད་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་དང་། སྲན་ཆེན་འདེབས་རྒྱ་ཆེ་རུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གཞི་ཁྱོན་ཆེན་པོའི་སྒོ་ནས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོ་ཡི་ཉོ་སྒྲུབ་རིན་གོང་དམའ་ཤོས་འོས་འཚམ་གྱིས་མཐོ་རུ་གཏོང་བ་དང་། རྒྱལ་ཡོངས་སུ་འབྲུ་སྣ་གཙོ་བོ་གསུམ་གྱི་ཐོན་སྐྱེད་ཀྱི་མ་གནས་དང་ཡོང་འབབ་འགན་བཅོལ་གྱི་སྲིད་ཇུས་ལག་ལེན་བསྟར་བ། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་ཐོན་ཁུལ་གྱི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྣུམ་རྒྱུ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱུགས་ལས་དང་ཉ་ལས་ཀྱི་ཐོན་སྐྱེད་བྱེད་ནུས་ཇེ་བརྟན་དུ་གཏོང་བ། དེང་རབས་སྒྲིག་ཆས་ཞིང་ལས་གོང་དུ་སྤེལ་བ་བཅས་བྱེད་དགོས། ཆུ་བསྲི་ཞིང་ལས་དང་སྐམ་ཞིང་ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ནད་འབུའི་གནོད་པ་དང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་རྒྱག་དགོས། འདེབས་ལས་དར་རྒྱས་གཏོང་བ་དང་། ཞིང་ལས་ཀྱི་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ལ་ཤུགས་རྒྱག་པ་དང་། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་ཆད་སྐྱོན་གསབ་པའི་བྱ་སྤྱོད་སྤེལ་དགོས། རྨོ་ཞིང་གི་དམར་ཐིག་དམ་སྲུང་བྱེད་པ་དང་། རྨོ་ཞིང་བཟུང་གསབ་དོ་མཉམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་ནག་སྲུང་སྐྱོབ་དང་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་དངུལ་འཇོག་ཁ་གསབ་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། ས་ཁུལ་ཁག་ཚང་མས་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་འགན་སྲུང་གི་འགན་འཁྲི་ཁུར་དགོས། མི་འབོར་མང་བའི་ང་ཚོའི་རྒྱལ་ཁབ་ལྟ་བུར་མཚོན་ན། ངེས་པར་དུ་ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་ལག་བསྟར་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
  དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ལྷོད་གཡེང་སྤུ་ཙམ་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། དབུལ་ལོག་བཀག་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་ལ་ཤུགས་བརྒྱབ་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བར་འགན་ལེན་ཏན་ཏིག་བྱེད་དགོས། དབུལ་བྲལ་ས་ཁུལ་དུ་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དབུལ་ལོག་བཀག་འགོག་གི་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། ཡུལ་གཞན་དུ་གནས་སྤོ་བྱེད་པའི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་དང་དམིགས་བཙུགས་རོགས་སྐྱོར་ཟབ་སྤེལ་བྱེད་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་ཞན་པའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་བཏང་ནས་དབུལ་བྲལ་གྱི་གྲུབ་འབྲས་སྔར་བས་ཇེ་བརྟན་དང་ཕན་འབྲས་སྔར་བས་རྒྱུན་མཐུད་ཐུབ་པ་བཅས་སུ་འགྱུར་བར་བྱེད་དགོས།
  གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ས་ཞིང་འགན་གཙང་ལེན་ཐེངས་གཉིས་པའི་ཡུན་ཚད་ཐིམ་རྗེས་ཡང་བསྐྱར་ལོ་30རྒྱུན་སྲིང་བྱེད་པའི་ཞིང་ཆེན་ཧྲིལ་པོའི་ཚོད་ལྟ་བྱེད་འགོ་རྩོམ་དགོས། ཐུན་མོང་གི་ཐོན་དབང་དང་། ཐུན་མོང་གི་ནགས་ཚལ་བདག་དབང་། ས་རྒོད་གསར་སྦོལ། མཁོ་འཚོང་ཁང་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་བཏང་ནས་གྲོང་གསེབ་ཀྱི་གོམས་སྲོལ་བརྗེ་སྒྱུར་ལ་སྐུལ་འདེད་རྒྱུན་མཐུད་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་ཀྱི་ཆུ་གློག་ལམ་རླངས་འཕྲིན་བཅས་ལྔའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུར་ཤུགས་ཆེན་པོས་ལེགས་བཅོས་བྱས་ཏེ། གློག་གསོག་ཀ་ཕུར་དང་། འཁྱགས་ཕྲེང་ཟོག་འདྲེན། སྐུར་གཏོང་སྐྱེལ་སྤྲོད་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཁང་ཡོམ་འགོག་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བཅས་བྱས་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
  (བརྒྱད) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་གཏོང་བར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་ཤུགས་ཆེན་གཏོང་དགོས། ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གནད་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཚགས་བྱས་ཏེ། དགེ་མཚན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་གང་མགྱོགས་འཛུགས་དགོས།
  གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་ད་དུང་འཕེལ་རྒྱས་དང་མཐོར་འདེགས་ཀྱི་བར་སྟོང་ཆེན་པོ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། བདག་རྐྱེན་སྣ་ཚོགས་ཁ་སྤྲོད་དུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་རྒྱུ་དེ་གལ་ཆེ་སར་བཞག་ནས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། “མི་ས་དངུལ་གསུམ”སྣ་སྦྲེལ་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དུ་ཡོང་བའི་གླ་རྒྱག་ཞིང་པར་འདོད་པ་ཡོད་ན་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་སུ་འཇུག་པ། གཞིས་ཆགས་མེད་པའི་རྒྱུན་སྡོད་མི་འབོར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྫོང་ཁོངས་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆད་སྐྱོན་གསབ་ནས་རྫོང་མཁར་དེ་ཉིད་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་གཞི་རྟེན་གཙོ་བོར་འགྱུར་བར་བྱེད་དགོས། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་གཞི་རྟེན་དུ་བྱས་ཏེ་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་བརྟན་པོ་བྱེད་པ་དང་། “དལ་བྲེལ་གཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ། ས་འོག་གི་སྦུག་དྲ་གང་མགྱོགས་འཐུས་ཚང་དུ་གཏོང་བ། གཞིས་ཁུལ་རྙིང་པའི་གློག་སྐས་དང་རླངས་འཁོར་འཇོག་ས་སོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། བཀག་ཆ་མེད་པའི་ཁོར་ཡུག་དང་རྒན་པར་འཚམ་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། གནས་འཕྲོད་ཅན་དང་། རིག་ནུས་ཅན། ལྡེམ་ཤུགས་ཅན་བཅས་ཀྱི་གྲོང་ཁྱེར་སྐྲུན་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱིས་གང་ས་ཅི་ཐད་ནས་མི་རྩ་བར་འཛིན་པ་མཚོན་དགོས་པ་དང་། ཞིབ་ཚགས་ཅན་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ཀ་ལེགས་པའི་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་དགོས།
  ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ས་ཁུལ་ཁག་གི་བསྡུར་མངོན་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། གཙོ་ནུས་གང་ཡིན་གྱི་ངེས་གནས་ལྟར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མཉམ་འདྲེས་དང་དེར་ཞབས་འདེགས་ཧུར་ཐག་ཞུ་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་སུ་གཏོང་བ། ཤར་རྒྱུད་ས་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། བྱང་ཤར་དང་དབུས་ནུབ་རྒྱུད་ས་ཁུལ་གྱིས་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ས་ཁུལ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས། མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞུང་ཨན་ཁུལ་གསར་དུ་འཛུགས་སྐྲུན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཅིག་འདོམས་ཀྱིས་སྐུལ་སྤེལ་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གནད་ཆེན་གྱི་བཀོད་པ་ལེགས་སྒྱུར་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དཀྱིལ་སྙིང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་ནུས་ཐོན་ཁུལ་ལེགས་སྒྱུར་ལག་བསྟར་འཆར་འགོད་བཟོ་བ་དང་། ཆ་འགྲིག་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས།
  (དགུ) སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་སྐུལ་འདེད་མཐུན་སྦྱོར་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
  སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། མཁའ་དབུགས་ཀྱི་སྤུས་ཚད་ལེགས་བཅོས་རྒྱུན་མཐུད་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་བཅོས་སྐྱོང་བྱ་རྒྱུ་གཅིག་གྱུར་འཆར་འགོད་བྱེད་པ། ས་རྒྱུའི་སྦགས་བཙོག་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྲ་གཟུགས་སྙིགས་རོ་དང་། སྦགས་བཙོག་དངོས་པོ་གསར་པ། འགྱིག་ཤོག་སྦགས་བཙོག་བཅས་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། “བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ཡག་པོ་རྒྱག་པར་སྒྲིག་འཛུགས་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གལ་ཆེའི་གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པར་སྐུལ་སྤེལ་རྒྱུན་མཐུད་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གནད་ཆེན་ལག་ལེན་བསྟར་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་ལུགས་ཆ་ཚང་དུ་བཏང་སྟེ། ཕྱོགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་དགོས།
  ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཐོན་ལས་གྲུབ་ཚུལ་དང་། ནུས་ཁུངས་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་བཅས་ལྗང་མདོག་རིགས་སྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཆུ་གྲོན་ཆུང་བྱེད་པའི་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་། འབྲེལ་ཡོད་ཚོང་ར་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བེད་མེད་དངོས་པོ་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ཐོན་ལས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། ནུས་ཁུངས་གྲོན་ཆུང་དང་ཐཱན་གཅོག་གི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འདོན་སྤྲོད་མུ་ཕྲེང་གང་མགྱོགས་ཆགས་པ་བཅས་བྱེད་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་སྐྲུན་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་མཐོ་ས་གཏོད་དགོས།
  ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས། “ཐཱན་རྩེར་སོན་གྱི་བྱ་སྤྱོད་ཆེན་པོ་བཅུ”ཏན་ཏིག་ངང་སྤེལ་བ་དང་། ཐཱན་འབུད་གཏོང་གི་བསྡོམས་རྩིས་རྩིས་བཤེར་དང་ཞིབ་བཤེར་ནུས་པ་ཆེ་རུ་གཏོང་བ། ཐཱན་གྱི་རྗེས་ཤུལ་དོ་དམ་མ་ལག་འཛུགས་པ། རྒྱལ་ཡོངས་ཀྱི་ཐཱན་ཚོང་རའི་ལས་རིགས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་ལ་ཚོད་འཛིན་བྱེད་པ་དང་། ནུས་ཁུངས་དཔེ་གསར་གྱི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། རླུང་གློག་དང་འོད་གློག་གི་རྟེན་གཞི་ཆེ་གྲས་དང་ཕྱིར་སྐྱེལ་བྱེད་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་གྲམ་ཅན་གྱི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། གློག་དྲས་ནུས་ཁུངས་གཙང་མ་བསྡུ་ལེན་དང་། སྡེབ་སྒྲིག སྙོམས་སྒྲིག་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། གསོག་ནུས་དཔེ་གསར་གོང་དུ་སྤེལ་བ། ལྗང་གློག་བེད་སྤྱོད་དང་རྒྱལ་སྤྱིའི་ཐོག་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་བ། རྡོ་སོལ་དང་སོལ་གློག་གི་མཐའ་སྐྱོང་ནུས་པ་འདོན་སྤེལ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་སྤྱོད་དགོས་མཁོར་འགན་ལེན་ཏན་ཏིག་བྱེད་དགོས།
  (བཅུ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩ་འགན་སྲུང་དང་མཐའ་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བའི་བྱེད་ཐབས་སྔར་ལས་མང་བ་སྤྱོད་པ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
  ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་ཡོང་བ་དང་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་སྲིད་ཇུས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་དགོས། ལས་བརྟན་ཕྱིར་སྤྲོད་དང་། ཆེད་དམིགས་དངུལ་བུན། ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང་། ལས་ཀར་ཞུགས་ཁྱོན་ཆེ་བའི་ལས་རིགས་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔོན་དཔག་བྱས་ན་ད་ལོ་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1170ལས་བརྒལ་རྒྱུ་ཡིན་པས། གཞོན་ནུའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་ལ་ཤུགས་འདོན་པ་དང་། ལས་ཞུགས་ལས་གཏོད་ཀྱི་མཛུབ་སྟོན་ཞབས་ཞུ་ལེགས་སྒྱུར་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་བཀོད་སྒྲིག་ལས་ཀ་ཏན་ཏིག་གིས་ལེགས་པར་སྒྲུབ་པ་དང་། གླ་རྒྱག་ཞིང་པ་ལས་ཀར་ཞུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ། དབང་པོ་སྐྱོན་ཅན་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པར་རོགས་སྐྱོར་བཅས་བྱེད་པར་ཤུགས་རྒྱག་དགོས། སྐབས་བསྟུན་ལས་ཞུགས་ཞབས་ཞུའི་འགན་སྲུང་བྱེད་ཐབས་རིགས་དབྱེ་ནས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་རྣམ་པ་གསར་པའི་ལས་ཞུགས་མི་སྣའི་ལས་རིགས་རྨས་སྐྱོན་ལ་འགན་སྲུང་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་དགོས། ཕོ་མོ་དང་། ལོ་ཚོད། སློབ་རྒྱུས་སོགས་ལས་ཞུགས་ཀྱི་མཐོང་ཆུང་བྱེད་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། གླ་རྒྱག་ཞིང་པའི་གླ་ཆ་སྤྲོད་པར་འགན་སྲུང་བྱེད་དགོས། ངལ་རྩོལ་འབྲེལ་བའི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་དང་། དེང་རབས་ཞབས་ཞུ། རྒན་གསོའི་ལྟ་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོར་འཚམ་པར་བྱས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐབས་ལམ་སྣ་མང་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས།
  སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་མུ་མཐུད་ཡག་པོ་བྱེད་དགོས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྲོན་དངུལ་མི་རེར་ཆ་སྙོམས་སུ་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་སྒོར་30མཐོ་རུ་གཏོང་རྒྱུ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་སྨན་བཅས་མཐུན་སྦྱོར་ངང་གོང་སྤེལ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྨན་རྫས་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བཀོལ་སྤྱོད་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་རྒྱག་པ། ཡུལ་གཞན་དུ་སྨན་བཅོས་བྱས་རིན་རྩིས་རྒྱག་པ་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ནད་པ་ལྟེ་བར་བཟུང་ནས་སྨན་བཅོས་ཞབས་ཞུ་ལེགས་བཅོས་བྱེད་པ། ཞིབ་བཤེར་དང་བརྟག་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་གཤམ་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་པ། རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་ཞབས་ཞུ་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གཅོང་ནད་དང་རྒྱུན་མཐོང་ནད་ཀྱི་སྨན་སྣ་སྤྱོད་རིགས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། མཐོང་དཀོན་པའི་ནད་རིགས་ཞིབ་འཇུག་དང་། བརྟག་བཅོས་ཞབས་འདེགས། སྨན་སྤྱོད་འགན་སྲུང་བཅས་ལ་ཤུགས་རྒྱག་དགོས། བྱིས་པའི་ཚན་ཁག་དང་། རྒན་རྒོན་གྱི་གསོ་རིག བསམ་པའི་འཕྲོད་བསྟེན། སྨན་བཅོས་ནད་སྐྱོང་སོགས་ཀྱི་ཞབས་ཞུའི་ཆད་སྐྱོན་གང་མགྱོགས་གསབ་དགོས་པ་དང་། ཀུན་བཅོས་སྨན་པའི་གསོ་སྐྱོང་སྦྱོར་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་དགེ་མཚན་ལྡན་པའི་ཆེད་ཚན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་དགོས། བདེ་ཐང་ཀྲུང་གོའི་བྱ་སྤྱོད་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
  སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་རྒྱག་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་ཟླ་རེའི་ཚད་གཞི་དམའ་ཤོས་སྒོར་20ཇེ་མཐོར་གཏོང་བ་དང་། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་མུ་མཐུད་ཇེ་མཐོར་གཏོང་དགོས། རྒན་གསོའི་འཚོ་དངུལ་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་འཐུས་ཚང་དུ་གཏོང་དགོས། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་རྒྱལ་ཡོངས་སུ་ལག་བསྟར་བྱེད་པ་དང་། ཀ་རྟེན་གསུམ་པའི་རྒན་གསོའི་འགན་བཅོལ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མི་དང་། དམག་མིའི་ནང་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ཀྱི་ཞབས་ཞུ་འགན་སྲུང་ལེགས་པོར་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཆད་སྐྱོན་གསབ་ཤུགས་ཆེ་རུ་གཏོང་དགོས། རྒན་རྒོན་གྱི་མཁོ་ཆས་དང་ཞབས་ཞུ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་དགོས། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་ཆ་ཚང་དུ་གཏོང་བ་དང་བུ་བཙའི་གུང་གསེང་ལམ་ལུགས་ལེགས་སྒྱུར་བྱེད་པ་དང་། གཉེར་སྐྱོང་བྱེད་པོའི་ལས་མི་བཀོལ་སྤྱོད་ཀྱི་མ་གནས་ལུགས་མཐུན་མཉམ་འཁུར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་བུ་བཅོལ་སློབ་གསོའི་ཞབས་ཞུ་འདོན་སྤྲོད་བྱེད་ཚད་མང་དུ་གཏོང་བ་བཅས་བྱེད་དགོས། ཁྱིམ་ཚང་གིས་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་བྱེད་པའི་ཁུར་པོ་ཡང་དུ་གཏོང་དགོས། གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་རོགས་སྐྱོབ་ཡག་པོ་བྱེད་དགོས། དབང་སྐྱོན་སྔོན་འགོག་དང་ཁམས་གསོའི་ཞབས་ཞུར་ཤུགས་རྒྱག་པ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་བཅོལ་གསོ་དང་ལྟ་སྐྱོང་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ཆ་ཚང་དུ་གཏོང་བ་དང་། དབུལ་ལོག་བཀག་འགོག་དང་ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོར་བྱ་རྒྱུའི་སྲིད་ཇུས་གཅིག་གྱུར་འཆར་འགོད་བྱས་ནས་དམངས་འཚོའི་མཐའ་སྐྱོང་འགན་སྲུང་གི་བདེ་འཇགས་དྲ་རྒྱ་ཚགས་དམ་པོ་དང་བརྟན་པོ་བཟོ་དགོས།
  མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་དགོས། རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་བཟོ་དགོས། རྒྱལ་ཁབ་ཀྱི་རིག་གནས་གྲངས་ཀ་ཅན་གྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཟབ་སྤེལ་བྱེད་དགོས། དྲ་རྒྱ་ཕྱོགས་བསྡུས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ཧུར་བརྩོན་སྐྱོན་བྲལ་དང་བཟང་བ་དང་དགེ་བར་ཕྱོགས་པའི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱེད་དགོས། རིག་གནས་དམངས་ཕན་ལས་གྲྭ་གསར་གཏོད་དང་ལག་བསྟར་བྱེད་པ་དང་། སྤྱི་པའི་རིག་གནས་ཁང་རིན་མེད་སྒོ་འབྱེད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་བྱས་ཏེ་རིག་དངོས་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་ལུགས་མཐུན་བེད་སྤྱོད་ལ་ཤུགས་རྒྱག་དགོས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཕྱིའི་དབར་གྱི་མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་ཆེ་རུ་གཏོང་དགོས། ལུས་རྩལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། 2024ལོའི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་གྲ་སྒྲིག་ལས་ཀ་ལེགས་པར་སྒྲུབ་དགོས། མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། བཅོས་སྐྱོང་གི་རྣམ་པ་དེ་དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་པར་སྒྱུར་བར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གེགས་སེལ་རྒུད་སྐྱོབ་བཅས་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་ཤུགས་ཆེན་བཏང་སྟེ། ཉེན་ཁ་འགོག་ཟོན་དང་། འཕྲལ་བསྟུན་ཐག་གཅོད། འདེགས་སྐྱོར་འགན་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རྩད་ཞིབ་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་ནན་ཏུ་གཏོང་བ་བཅས་བྱས་ཏེ། དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་འབྱུང་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཆུ་ལོག་དང་ཞོད་སྐྱོན་དང་། ཐན་སྐྱོན། རྒྱ་མཚོའི་རླུང་འཚུབ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་སྐྱོན། ས་ཡོམ་སོགས་སྔོན་འགོག་དང་ཁ་གཏད་གཅོག་པ་དང་གནམ་གཤིས་ཀྱི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ཟས་རིགས་དང་། སྨན་རྫས་དང་། དམིགས་བསལ་སྒྲིག་ཆས་སོགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་རོགས་སྐྱོབ། དང་བླངས་ཞབས་ཞུ། སྤྱི་ཕན་དགེ་སྒྲུབ་སོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་ཐབས་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་ཤུགས་རྒྱག་དགོས། སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
  འཐུས་མི་རྣམ་པ།
  འཐབ་ལམ་གསར་པ་དང་ལས་འགན་གསར་པས་སྲིད་གཞུང་གི་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་བྱེད་མི་སྣས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་གི་འགོ་ཁྲིད་སྲིད་གཞུང་གི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བཅས་བྱེད་དགོས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དུས་རབས་གསར་པའི་གནས་ལུགས་ཁུངས་བཙན་དུ་བྱེད་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་སྲིད་སྐྱོང་བྱས་རྗེས་གལ་ཆེ་ཤོས་སུ་བརྩིས་ནས། མི་དམངས་ཀྱི་བློ་ལ་འབབ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས།
  ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ནན་པོ་བྱེད་དགོས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བཅས་བྱེད་དགོས། རྩིས་བཤེར་གྱི་ལྟ་སྐུལ་ལ་ཤུགས་རྒྱག་དགོས། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་གཏན་འབེབས་བྱེད་པར་ཆོས་ཉིད་ལ་བརྩི་སྲུང་དང་། ངོས་འཛིན་གཅིག་སྒྲིལ། བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བཅས་བྱེད་དགོས། སྲིད་དོན་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་གཟབ་ནན་ཚད་ལྡན་དྲང་གཞག་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་དང་རུལ་རྒོལ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། སྲིད་གཞུང་གི་ལས་དོན་མི་སྣས་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་དང་། རང་ཉིད་སྤྱོད་གཙང་། རང་འགན་གཙང་སྒྲུབ་བཅས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་བྱ་བ་གཙང་སྒྲུབ་བྱེད་དགོས།
  ཕྱོགས་ཡོངས་ནས་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱ་རྒྱུར་དམིགས་ནས། ལེགས་སྒྱུར་མཐུན་སྦྱོར་ནུས་མཐོ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ལག་བསྟར་བྱེད་ནུས་དང་སྤྱི་པའི་ཡིད་རྟོན་ཐོབ་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས། བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། བསམ་གཞིག་འགྱུར་མེད་བྱེད་ཕྱོགས་དང་ཐབས་ལམ་ལ་རྒྱབ་རྟེན་བཅོལ་བའི་འཆིང་རྒྱ་ལས་སྒྲོལ་ཕོད་པ། སྣེ་ཁྲིད་རང་བཞིན་དང་ཡར་སྐུལ་རང་བཞིན་ཆེ་བའི་ལས་ཀའི་འཛིན་བྱེད་ཧུར་ཐག་གིས་ཇུས་འགོད་དང་བཀོལ་སྤྱོད་ཡག་པོ་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་འཁྲུལ་མེད་ཆད་མེད་དང་། རླུང་འཚུབ་ཐོག་མྱུར། བདེན་འཚོལ་དངོས་སྒྲུབ། སྒྲུབ་ཕོད་སྒྲུབ་མཁས་བཅས་ཏན་ཏིག་བྱས་ཏེ། མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་དོན་དང་མཐུན་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པའི་འགན་ལེན་ཏན་ཏིག་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་གཏོང་བ། “གཞི་རིམ་དུ་སྐྱོད་དགོས་པ་བཞི”ཡི་ལམ་ལུགས་དོན་འཁྱོལ་བཅས་བྱེད་དགོས། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། “ནུས་མཐོའི་སྒོ་ནས་དོན་དག་ཅིག་བསྒྲུབས་ཚར་བར་བྱེད་པ”ལ་སྐུལ་འདེད་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། སྲིད་དོན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་ཡིག་ཆ་དང་ཚོགས་འདུ་ཁུ་བསྡུ་སྔར་ལས་ལྷག་པར་བྱེད་པ་དང་། ལྟ་ཞིབ་ཞིབ་བཤེར་དཔྱད་ཞིབ་བཅས་འཐུས་ཚང་དུ་གཏོང་བ། གཞི་རིམ་དང་ཁེ་ལས་ཀྱི་ཁུར་པོ་རྒྱུན་མཐུད་ངང་ཡང་དུ་གཏོང་བ་བཅས་བྱེད་དགོས། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་བྱེད་པ་དང་། ལས་བྱེད་པའི་འཁུར་ལེན་དང་སྒྲུབ་ཕོད་པར་བསྔགས་སྐུལ་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱ་ཆེའི་ལས་བྱེད་པས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་དགོས་པ་མ་ཟད། “དོན་དག་ཚང་མར་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ནུས་སུ་བསྒྱུར་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སྤོབས་པ་ཆེ་རུ་སྐྱེད་པ་དང་། དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་འབད་བརྩོན། ལས་མཁས་སྒྲུབ་མཁས་བཅས་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱེད་དགོས།
  འཐུས་མི་རྣམ་པ།
  ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་བྱེད་པ་དང་། ཕྱིར་སྡོད་རང་མི་དང་། ཕྱིར་ལོག་རང་མི་དང་དེ་དག་གི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་མཉམ་དུ་མི་རིགས་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
  འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་ཡར་རྒྱས་གསར་པ་བྱུང་ཡོད་ལ། མི་དམངས་དམག་དཔུང་གིས་ཕྲག་ཏུ་འཁུར་བའི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ཡོངས་འགྲུབ་བྱས་ཡོད། ལོ་གསར་པའི་ནང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། ཕྱོགས་ཡོངས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་རྒྱག་པ་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཡག་པོ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། དེང་རབས་ཀྱི་དམག་དོན་བཅོས་སྐྱོང་མ་ལག་འཛུགས་པ་དང་། དམག་དཔུང་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་སྲུང་འཕེལ་རྒྱས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར་གང་མགྱོགས་བྱེད་དགོས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་དང་བཀོད་པ་ལེགས་སྒྱུར་བྱེད་པ། རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བཅས་ལ་ཤུགས་རྒྱག་པ་བཅས་བྱེད་དགོས། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། “གཉིས་བཀུར”གྱི་ལས་ཀ་གཏིང་ཟབ་བསྒྲུབས་ནས་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
  ང་ཚོས་མུ་མཐུད་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་ཆ་ཚང་ཞིང་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཁྲིམས་ལྟར་ཤང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་དང་། རང་ངོས་ཀྱི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱེད་པ། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལྷག་པའི་སྒོ་ནས་འདྲེས་པ་བཅས་བྱས་ཏེ་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བ་མཐའ་འཁྱོངས་བྱེད་དགོས།
  ང་ཚོས་དུས་རབས་གསར་པའི་ཏང་གི་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ངོས་འཛིན་གཅིག་མཐུན”རྒྱུན་འཁྱོངས་བྱེད་དགོས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ངོགས་གཉིས་དབར་གྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ངོགས་གཉིས་མཉམ་འདྲེས་ཀྱི་འཕེལ་རྒྱས་ཟབ་སྤེལ་བྱེད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བ། བློ་གཅིག་སེམས་གཅིག་གིས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་པ་བཅས་བྱེད་དགོས།
  ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་དར་སྤེལ་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་འཛུགས་པར་སྐུལ་འདེད་གཏོང་བ། བཙན་དབང་དང་། དྲག་ཐབས། བཙན་བརྙས་སོགས་སྤྱོད་ཡན་ལ་ངོ་རྒོལ་བཅས་བྱས་ནས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
  འཐུས་མི་རྣམ་པ།
  འགན་འཁྲི་འཁུར་རྒྱུ་གལ་གནད་ཆེ། འབད་བརྩོན་བྱས་ནས་འབྱུང་འགྱུར་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཡིད་ཆེས་བརྟན་པོ་དང་གསར་གཏོད་ཡར་བརྩོན། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཧུར་ཐག་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
  (ཤིན་ཧྭ་གསར་འགྱུར་ཁང་ཟླ་3ཚེས་12ཉིན་འབྱོར་བའི་གློག་འཕྲིན) (རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
རྩོམ་སྒྲིག་པ། སངས་སྐྱབས།