ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ཝེ་ཐེ་ནམ་གྱི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་གནང་བ།

སྤེལ་དུས 2025-04-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  སྤྱི་ཟླ་4ཚེས་14ཉིན། ཧ་ནོ་དབྱི་རུ་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི《མི་དམངས་ཚགས་པར》ཐོག་འགོ་བརྗོད་དུ《བློ་སེམས་གཅིག་སྒྲིལ་བྱས་ཏེ་ལག་སྦྲེལ་མདུན་སྐྱོད་བྱེད་པ་དང་། སྔ་འཛིན་ཕྱི་གཏོད་བྱས་ནས་ལེའུ་གསར་པ་མུ་མཐུད་རྩོམ་འབྲི་བྱེད་དགོས》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཡོད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
  དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། གང་སར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས། ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་སུ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བློ་མཐུན་ལིའང་ཆང་གི་གདན་ཞུས་ལྟར། ང་རང་ནས་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་བྱ་གྲབས་ཡོད། འདི་ནི་ངས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་བ་ནས་བཟུང་མཛེས་སྡུག་ལྡན་པའི་ས་ཆ་དེར་བསྐྱོད་ཐེངས་བཞི་པ་ཡིན། ངས་ཝེ་ཐེ་ནམ་གྱི་འགོ་ཁྲིད་པ་དང་མཛའ་གཅུགས་ལྷུག་གླེང་དང་། ལྷན་དུ་མཉམ་ལས་ཀྱི་སྐོར་གླེང་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་འཆར་བཀོད་གསར་པ་འདིང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
  ཀྲུང་གོ་དང་ཝེ་ཐེ་ནམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། ཐུན་མོང་གི་ཕུགས་བསམ་དད་སེམས་དང་རྒྱ་ཁྱབ་ཀྱི་འཐབ་ཇུས་ཁེ་ཕན་ལྡན་ཡོད། རང་སོ་སོའི་རྒྱལ་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འཚོལ་ཞིབ་དང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྔ་མོ་ནས་བཟུང་བཙུགས་པའི་ མཛའ་གཅུགས་ཀྱི་འབྲེལ་བ་ཟབ་མོ་རྒྱུན་ཆད་མེད་པར་ཇེ་ཟབ་ཇེ་བརྟན་དུ་འགྲོ་བཞིན་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་ཕན་ཐོགས་ཡོད་པས། ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཅིག་ཡིན།
  ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པས་མངོན་གསལ་དོད་པའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གསར་བརྗེའི་སྔོན་བྱོན་པ་ཚོས་ལག་གདང་སྦྲེལ་ནས་རྒྱལ་སྐྱོབ་གསོན་ཐབས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱས་ཏེ། འཛམ་གླིང་ལ་མི་སེར་སྤེལ་བའི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་ཀོང་ཀྲོའུ་ཡི་ཝེ་ཐེ་ནམ་གཞོན་ནུ་གསར་བརྗེའི་བློ་མཐུན་ལྷན་ཚོགས་དང་། ཀོང་ཞིའི་ཅིང་ཞིའི“ཝེ་ཐེ་ནམ་མནའ་འབྲེལ”དོན་གཅོད་ཁྲུའུ་སོགས་གསར་བརྗེའི་གནས་ཡུལ་རྙིང་པ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གསར་བརྗེའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་རེད། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་སྐབས་སུ། ཀྲུའུ་ཞི་ཧུའུ་ཀྲི་མིང་སྔ་རྗེས་སུ་ཡན་ཨན་དང་། ཀུའེ་ལིན། ཁྲུང་ཆིང་། ཁུན་མིང་སོགས་སུ་ཀྲུང་གོའི་ལྗར་འགོག་དམག་འཁྲུག་ནང་ཞུགས་པ་དང་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོས་དམག་དོན་བློ་འདྲི་ཚོགས་པ་དང་ཆབ་སྲིད་བློ་འདྲི་ཚོགས་པ་མངགས་ནས་ཝེ་ཐེ་ནམ་མི་དམངས་ཀྱིས་ཧྥ་རན་སིར་རྒོལ་བའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་གྱི་ཨ་འགོག་རྒྱལ་སྐྱོབ་ཀྱི་དྲང་བདེན་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། “ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་གཏིང་ཟབ་པ་དང་། བློ་མཐུན་ཡིན་ལ་གཅེན་གཅུང་ཡང་ཡིན”ཞེས་པ་དེ་ནམ་ཡང་བརྗེད་ཐབས་མེད་པའི་གསར་བརྗེའི་དྲན་འཆར་ཞིག་ཏུ་གྱུར་ཡོད།
  ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་མོ་བྱེད་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་སོགས་ཝེ་ཐེ་ནམ་གྱི་འགོ་ཁྲིད་པ་དང་རེས་སྐོར་མང་བའི་ཕན་ཚུན་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་སྤེལ་རེས་དམ་ཟབ་བྱས་པ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དང་། ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ། མཐའ་མཚམས་རྒྱལ་སྲུང་མཛའ་མཐུན་སྤེལ་རེས། རྒྱལ་ཁབ་གཉིས་པོའི་སྤྱི་བདེ་ཚན་པས་མཉམ་ལས་བྱས་ཏེ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཚོགས་འདུ་སོགས་ཀྱི་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་རིམ་པ་མཐོ་བའི་ལམ་སྲོལ་བཙུགས་པ། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས་ཀྱི“3+3”འཐབ་ཇུས་གླེང་མོལ་བདེ་བླག་ངང་འཚོགས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་ལངས་ཕྱོགས་འདྲ་མཚུངས་དང་མཉམ་ལས་དམ་ཟབ་བཅས་བྱས་ཡོད།
  ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་ནི་ཕུན་སུམ་ཚོགས་པའི་མཉམ་ལས་ཀྱི་ཞིང་ས་གཤིན་པོར་རྩ་བ་བརྟན་པོ་ཚུགས་ཡོད། འཛམ་གླིང་དཔལ་འབྱོར་སླར་གསོ་འགྲོ་འགོར་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་ལས་སྔར་བས་དམ་དུ་ཕྱིན་ཡོད། ཀྲུང་གོ་ནི་ལོ་20ལྷག་ཙམ་བསྟུད་མར་ཝེ་ཐེ་ནམ་གྱི་ཉོ་ཚོང་རོགས་ཟླ་ཆེ་གྲས་ཨང་དང་པོ་ཡིན་པ་དང་། སྤྱི་ལོ་2024ལོར་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2600ལས་བརྒལ་ཡོད། ལིའུ་ལན་དང་བེ་ཏ་སོགས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་བ་ཀྲུང་གོའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གསོལ་ལྕོག་ཐོག་སླེབས་ཡོད། རྒྱལ་ཁབ་གཉིས་པོའི་ལྕགས་ལམ་སྦྲེལ་མཐུད་དང་རིག་ལྡན་འགག་སྒོ་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འོད་ཧྥུ་དང་གད་སྙིགས་གློག་འདོན་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱིས་ཝེ་ཐེ་ནམ་གྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་ཧ་ནོ་དབྱི་ཡང་བའི་ལྕགས་ལམ་ལམ་ཐིག་ཨང་2པས་གྲོང་མིའི་རྒྱུན་ལྡན་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྲུབ་འབྲས་གཏོད་པ་དང་། མཉམ་དུ་གོང་འཕེལ་བཏང་བས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད།
  ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པས་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་བར་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་གོམ་སྟབས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་འབྲེལ་བ་ཇེ་ཉེ་ནས་ཇེ་ཉེར་ཕྱིན་ཡོད། སྤྱི་ལོ་2024ལོར་ཀྲུང་གོའི་ཝེ་ཐེ་ནམ་དུ་བསྐྱོད་པའི་ཡུལ་སྐོར་བའི་མི་ཐེངས་ཁྲི་370ལས་བརྒལ་བ་དང་། ཏེ་ཐེན(པན་ཡུའེ)རྦབ་ཆུའི་རྒྱལ་མཚམས་ལས་བརྒལ་བའི་ཡུལ་སྐོར་མཉམ་ལས་ཁུལ་དངོས་སུ་གཉེར་སྐྱོང་བྱས་པ་དང་། རྒྱལ་མཚམས་ལས་བརྒལ་ཏེ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བའི་ལམ་ཐིག་མང་པོ་ཤར་གཏོང་བྱས་པས"ཉིན་གཅིག་རིང་རྒྱལ་ཁབ་གཉིས་ལ་ཡུལ་སྐོར་དུ་འགྲོ་བ"དེ་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་དང་གློག་རྡུལ་རོལ་རྩེད་ནི་ཝེ་ཐེ་ནམ་གྱི་ན་གཞོན་ཚོས་གླེང་མང་བའི་བརྗོད་གཞིར་གྱུར་བ་དང་། ཝེ་ཐེ་ནམ་དུ"རྒྱ་ཡིག་གི་ཚ་རླབས"རྒྱུན་མཐུད་ངང་འཕྱུར་བར་སྐུལ་ཁྲིད་བྱས་ཡོད། ཝེ་ཐེ་ནམ་གྱི་གླུ་གཞས་མི་ཉུང་བ་ཞིག་ཀྲུང་གོའི་དྲ་བའི་ཐོག་མི་མང་པོའི་བཙལ་འཚོལ་བྱ་གཞིར་གྱུར་ཡོད་པ་དང་། འབྲས་ཕྱེ་སོགས་ཝེ་ཐེ་ནམ་གྱི་ཟས་མཆོག་གིས་ཀྲུང་གོའི་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཅིང་དེའི་བྲོ་བར་མྱོང་བཞིན་ཡོད།
  མིག་སྔར། འཛམ་གླིང་དང་དུས་རབས། ལོ་རྒྱུས་བཅས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་བ་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པར་སླེབས་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཐོན་པའི་སྐབས་འདིར། ཀྲུང་གོའི་དཔལ་འབྱོར་གྱིས་དཀའ་ངལ་གདོང་གིས་བསུས་ཏེ་མདུན་དུ་བསྐྱོད་ཡོད། སྤྱི་ལོ་2024ལོར་བརྒྱ་ཆ་5ཡི་འཕར་སྣོན་མངོན་འགྱུར་བྱུང་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་30ཡས་མས་རྒྱུན་འཁྱོངས་ཐུབ་ནས་མུ་མཐུད་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ནུས་ཁུངས་གསར་པའི་ཐོན་ལས་དང་མི་ཐབས་རིག་ནུས། འགུལ་རིས་གློག་བརྙན་བཅས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། ཀྲུང་གོས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་བ་འདོན་སྤྲོད་བྱ་རྒྱུ་དང་། རང་ངོས་ཀྱི་སྤུས་མཐོའི་གོང་འཕེལ་ལ་བརྟེན་ནས་རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།
  ཨ་ཤེ་ཡ་ནི་གོ་ལ་ཧྲིལ་པོའི་མཉམ་ལས་གོང་འཕེལ་གྱི་མཐོ་ས་ཡིན་ཞིང་། ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་འགོ་ཚུགས་ས་གསར་པའི་ཐོག སྔར་བྱུང་མ་མྱོང་བའི་གོ་སྐབས་དང་འགྲན་སློང་འཕྲད་བཞིན་ཡོད། ཀྲུང་གོས་ཉེ་འཁོར་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་དང་། མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་གྲོགས་པོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཉེ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཨ་ཤེ་ཡ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན།
  ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་པ་དང་། ཝེ་ཐེ་ནམ་གྱིས་མི་རིགས་གོང་འཕེལ་གྱི་དུས་རབས་གསར་པའི་འགོ་བརྩམས་པ་དང་ཏང་འཛུགས་རྒྱལ་སྐྱོང་གི"ལོ་བརྒྱ་ཐམ་པ་གཉིས"ཀྱི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་ནི་ཉེ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་བསམ་བློ་གཏོང་ཡུལ་ལ་བརྩི་བཞིན་ཡོད། ང་ཚོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ཐོག ཨ་ཤེ་ཡ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
  ——འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་རིམ་གྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱི་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ། ཏང་དང་། སྲིད་གཞུང་། དམག་དཔུང་། ཁྲིམས་འཛིན་བདེ་འཇགས་སོགས་ཁ་གཏད་སྡེ་ཚན་བར་མཉམ་ལས་དམ་ཟབ་བྱས་ཏེ། ལག་གདང་སྦྲེལ་ནས་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཐུན་མོང་ཐོག་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས། ཀྲུང་གོས་ཝེ་ཐེ་ནམ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐུན་མོང་ཐོག་འཚོལ་ཞིབ་དང་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
  ——མཉམ་ལས་མཉམ་རྒྱལ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་དགོས། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། "རྒྱུད་གཅིག་ལམ་གཅིག"དང་"ཁྱམས་གཉིས་སྐོར་གཅིག"གི་སྒྲོམ་གཞི་སྦྲེལ་མཐུད་སྐོར་གྱི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ་དཔལ་འབྱོར་དང་ལག་རྩལ་མཉམ་ལས་ཀྱི་སྟེགས་བུ་དེ་བས་མང་བ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་ཝེ་ཐེ་ནམ་བྱང་རྒྱུད་ཀྱི་ཚད་ལྡན་ལྕགས་ལམ་རྣམ་གྲངས་3གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རིག་ནུས་ཅན་གྱི་འགག་སྒོ་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཝེ་ཐེ་ནམ་དུ་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། 5Gདང་མི་ཐབས་རིག་ནུས། སྦགས་མེད་གོང་འཕེལ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་དགོས།
  ——མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་སེམས་འབྲེལ་མཐུད་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ད་ལོར“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”གཉེར་བ་གོ་སྐབས་སུ་བརྩིས་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་སྤེལ་རེས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་མང་ཚོགས་ཀྲུང་གོའི་ས་གནས་ཁག་ལ་མང་ཙམ་ཕེབས་པར་དགའ་བསུ་ཞུ་རྒྱུ་མ་ཟད། ཀྲུང་གོའི་ཡུལ་སྐོར་བ་ཝེ་ཐེ་ནམ་གྱི་ཡུལ་ལྗོངས་གྲགས་ཅན་ལ་བསྐྱོད་རྒྱུར་ཡང་སྐུལ་ལྕག་བྱ་རྒྱུ་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་གཞོན་ནུའི་མཛའ་གྲོགས་ཐུག་འཕྲད་དང་མཐའ་མཚམས་ཡུལ་མིའི་མཉམ་འབྲེལ་སྤྲོ་སྐྱིད་ཆེན་པོ་སོགས་དྲོ་སྐྱིད་ལྡན་པ་དང་། མང་ཚོགས་དང་ཐག་ཉེ་བ། དམངས་སེམས་འདུ་བ་བཅས་ཀྱི་མི་ཆོས་རིགས་གནས་སྤེལ་རེས་ཀྱི་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་གཉེར་བ་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏམ་རྒྱུད་ཡག་པོ་བརྗོད་དེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱ་དགོས།
  ——ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ། ཨ་ཤེ་ཡ་དར་རྒྱས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བ་ལོ་ཡང་ཡིན། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་དགོས། ཉོ་ཚོང་དམག་འཐབ་དང་སྒོ་ཁྲལ་དམག་འཐབ་ཁྲོད་རྒྱལ་ཁ་ཐོབ་མཁན་མེད་ལ། སྲུང་སྐྱོང་རིང་ལུགས་ལ་འགྲོ་ལམ་ཡང་མེད། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བརྟན་པོ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་སྲུང་སྐྱོང་། སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བཅས་བྱ་དགོས། ཨ་ཤེ་ཡ་ཤར་མའི་མཉམ་ལས་དང་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་སྒྲིག་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་འགྱུར་ལྡོག་དང་ཟང་ཟིང་འདྲེས་པའི་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས།
  ——ཕྱོགས་འགལ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱིས་སྐམ་སའི་མཐའ་མཚམས་དང་པེ་པུའུ་ཝན་དབྱེ་མཚམས་ཐག་གཅོད་བྱེད་པའི་ལེགས་གྲུབ་ལྡན་པའི་ལག་ལེན་ཐོག་ནས་ཕྱོགས་གཉིས་པོར་མཐུན་སྦྱོར་དང་དབྱེན་འབྱེད་གྲོས་མོལ་བྱས་པ་བརྒྱུད་མཚོ་ཐོག་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ནུས་པ་དང་བློ་གྲོས་ལྡན་པ་ར་སྤྲོད་ཐུབ་ཡོད། ཕྱོགས་གཉིས་པོས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་མཚོ་ཐོག་གྲོས་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། མཚོ་ཐོག་གི་ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ་དང་མཚོ་ཐོག་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་བཏང་སྟེ། མཐར་ཐུག་རྩོད་གཞི་ཐག་གཅོད་ཐུབ་པར་ཆ་རྐྱེན་གཏོད་དགོས། 《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ཁྱོན་ཡོངས་ནས་ནུས་ལྡན་ངང་དོན་འཁྱོལ་བྱེད་པ་དང་། “ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་ཐིག”གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག འགོག་རྐྱེན་སེལ་བ་དང་། གཅིག་མཐུན་མཉམ་འདུས་དང་ཁྱད་པར་སེལ་ནས་ལྷོ་རྒྱ་མཚོ་དེ་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོགས་རྒྱ་མཚོ། མཉམ་ལས་རྒྱ་མཚོ་བཅས་སུ་དངོས་སུ་བསྐྲུན་དགོས།
  ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ཀྲུང་གོས་ཝེ་ཐེ་ནམ་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་མུ་མཐུད་རྩོམ་འབྲི་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད།