ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་གྱི་ཕྱི་དྲོ། སྐབས་གཉིས་པའི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་དེ་ཨ་སི་ཐ་ནཱ་རང་བཙན་ཕོ་བྲང་དུ་འཚོགས་ཡོད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མེང་། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥ། ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིར་ཅེ་ཡུའེ་ཡེ་ཧྥུ་བཅས་གྲོས་ཚོགས་ལ་ཞུགས་ཡོད། གཙོ་བདག་རྣམས་ཀྱིས་མཛའ་བརྩེ་དང་ལྡན་པའི་ངང་ཞི་ཨན་དབུ་ཚོགས་འཚོགས་ཚུན་གྱི་ཀྲུང་གོ་དང་ཨ་ཤེ་ཡའི་དབུས་མའི་ཁྱབ་ཁོངས་ཁག་གི་མཉམ་ལས་གྲུབ་འབྲས་ལ་མཉམ་དུ་ཕྱིར་དྲན་གནང་བ་དང་། འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་རྒྱང་གཟིགས་གནང་བ། “ཀྲུང་གོ་དང་ཨ་ཤེ་ཡའི་དབུས་མའི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། ཇི་སྲིད་བར་གྱི་ཁྱིམ་མཚེས་མཛའ་གྲོགས་རྒྱུན་འཁྱོངས་བྱེད་པ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱ་རྒྱུ་བཅས་ཀྱི་ཐག་བཅད་ཡོད།
ཞི་ཅིན་ཕིང་གིས་ཨ་ཤེ་ཡའི་དབུས་མའི་རྒྱལ་ཁབ་ལྔ་ཡི་གཙོ་བདག་དང་ལྷན་དུ་མཉམ་པར་སྒྲོན་ཡོད་པ་དང་། དེ་རྗེས་དབུ་ཚོགས་ལ་ཞུགས་ཤིང་། “ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས་ས་ཁུལ་གྱི་མཉམ་ལས་སྤུས་མཐོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ལོ་གཉིས་གོང་། ང་ཚོ་ཀྲུང་གོའི་ཞི་ཨན་དུ་མཉམ་འཛོམས་བྱས་ནས། ཐུན་མོང་ཐོག་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ཞི་ཨན་གྱི་འདུན་པ་བཏོན་ཡོད། ལོ་གཉིས་རིང་། ཀྲུང་གོས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་ས་དང་དངོས་གཉེར་གྱི་ཕྱོགས་སུ་སྐུལ་འདེད་བཏང་ཡོད་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་ཐེབས་པ་དང་། ཀྲུང་གོ་དང་ཨ་ཤེ་ཡའི་དབུས་མའི་སྒྲིག་གཞིའི་གདུང་བཞི་ཀ་བརྒྱད་གཞི་རྩའི་ཆ་ནས་གྲུབ་ཡོད་པ། སྐབས་དང་པོའི་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་ནས། མཉམ་ལས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་པ་དང་མཛའ་མཐུན་གྱི་མེ་ཏོག་བཀྲགས་མདངས་སྔར་ལས་འཚེར་བར་གྱུར་ཡོད།
ཞི་ཅིན་ཕིང་གིས། ང་ཚོའི་མཉམ་ལས་ནི་ལོ་ངོ་ཉིས་སྟོང་ལྷག་ཙམ་རིང་གི་མཛའ་བཤེས་འགྲོ་འོང་ལས་རྩ་བ་ཚུགས་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་ངོ་30ལྷག་ཙམ་རིང་གི་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་སྲ་བརྟན་དུ་སོང་བ། དུས་རབས་གསར་པ་ཚུན་གྱི་སྒོ་དབྱེ་མཉམ་རྒྱལ་ལ་བརྟེན་ནས་འཕེལ་རྒྱས་ཕྱིན་པ་བཅས་ཡིན། དུས་ཡུན་རིང་པོའི་ལག་ལེན་ཁྲོད། ང་ཚོས“ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་ཡིད་ཆེས། གཉིས་ཕན། ཕན་ཚུན་རོགས་རམ་བཅས་བྱས་ཐོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་དེང་རབས་ཅན་ལ་སྐུལ་འདེད་གཏོང”བའི“ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྙིང་སྟོབས”འཚོལ་ཞིབ་བྱས་ནས་གྲུབ་ཡོད་ཅིང་། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཆེ་ཆུང་ལ་མི་བལྟོས་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ། དོན་དག་ཡོད་ན་ཚང་མས་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུ། གྲོས་མོལ་གཅིག་མཐུན་གྱིས་ཐབས་ཇུས་འདོན་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་གྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་འདོད་མཐུན་སྤྱོད་མཐུན་རྣམས་རང་བཞིན་དུ་འགྲོགས་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་བ་གང་ཡང་མི་སྒྲུབ་པ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་དབར་གཞན་གྱི་སྔོན་ལ་རོགས་ཟླ་བྱེད་པ་དང་། ཕན་ཚུན་ལ་གོང་འཕེལ་གྱི་གོ་སྐབས་སྤྲོད་པ། ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོག་བཅས་བྱས་ཐོག མང་རྒྱལ་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་བྱེད་པ། ཕར་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་དང་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། “ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱིས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་མཉམ་ལས་ལ་བརྩི་སྲུང་ཞུ་ཡུལ་གལ་ཆེན་མཁོ་འདོན་བྱས་ཡོད་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་དར་རྒྱས་ཆེན་པོ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་དང་འགྱུར་བ་མང་བའི་དུས་སྐབས་གསར་པར་སླེབས་ཡོད། དྲང་གཞག་དྲང་བདེན་གྱི་སེམས་པ་མི་འགྱུར་བ་དང་གཉིས་ཕན་མཉམ་རྒྱལ་གྱི་འདུན་པ་མ་དོར་ན། ད་གཟོད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་ཐུབ། སྒོ་ཁྲལ་དམག་འཐབ་དང་ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་ཅིང་། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱིས་རང་གཞན་གཉིས་ཀར་གནོད་འཚེ་གཏོང་ངེས་རེད། ལོ་རྒྱུས་ནི་ལྡོག་ཏུ་མེད་པས། མདུན་ཕྱོགས་སུ་བསྐྱོད་དགོས། འཛམ་གླིང་ཁ་འབྲལ་མི་རུང་བས། མཐུན་སྒྲིལ་བྱ་དགོས། མིའི་རིགས་ནགས་ཁྲོད་ཀྱི་ངེས་སྲོལ་ལ་ཕྱིར་ལོག་བྱ་མི་རུང་བས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། ང་ཚོས“ཀྲུང་གོ-ཨ་ཤེ་ཡ་དབུས་མའི་སྙིང་སྟོབས”སྣེ་ཁྲིད་དུ་བྱས་ཏེ། སྔར་བས་ཡར་རྒྱས་ཀྱི་རྣམ་འགྱུར་དང་སྔར་བས་དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་དམིགས་འབེན་ཕྱོགས་སུ་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་དགོས།
དེ་ཡང་། གཅིག་ནི་ཕན་ཚུན་ཡིད་རྟོན་རུང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་མཐུན་སྒྲིལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་ཤེ་ཡ་དབུས་མ་དེ་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩིས་ཏེ། ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་མཚེས་བདེ་འཇགས། ཁྱིམ་མཚེས་ཕྱུག་འགྱུར་བཅས་དང་། མཛའ་སེམས། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་འདྲ་མཉམ་གྱི་འབྲེལ་བ་འཛུགས་པ་དང་ལྷག་བསམ་ཟོལ་མེད་གྱི་ལྟ་སྟངས་འཛིན་པ། ནམ་ཡང་མཛའ་མཐུན་གྱི་ཁྱིམ་མཚེས་བཟང་པོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱལ་ཁབ་དྲུག་གིས་ཡུན་རིང་མཛའ་མཐུན་ཁྱིམ་མཚེས་ཀྱི་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་དེ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་མི་རབས་ནས་མི་རབས་བར་མཛའ་མཐུན་བྱ་རྒྱུའི་རྩ་དོན་གཏན་འཇགས་ཡོང་བ་བྱས་ཡོད་ཅིང་། འདི་ནི་རྒྱལ་ཁབ་དྲུག་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་ལ། ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་གསར་གཏོད་ཅིག་ཀྱང་ཡིན་པས། བྱས་རྗེས་དེང་འདིར་བཞག་ནས་ཕན་པ་བསྐལ་བརྒྱར་ཐོན་ཡོད་པ་དང་།
གཉིས་ནི་དངོས་གཉེར་ནུས་ཆེ་དང་མཉམ་འདྲེས་གཏིང་ཟབ་ཀྱི་མཉམ་ལས་རྣམ་པ་ལེགས་སུ་གཏོང་དགོས། ང་ཚོས་2025ལོ་ནས་2026ལོའི་བར་ནི“ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་སྤུས་མཐོའི་གོང་འཕེལ་ལོར”གཏན་འཁེལ་བས། ཉོ་ཚོང་ཤར་བགྲོད་དང་། ཐོན་ལས་མ་འཇོག མཉམ་འབྲེལ་མཉམ་མཐུད། སྦགས་མེད་གཏེར་ཐོན། ཞིང་ལས་དེང་རབས་ཅན། མི་སྣ་འགྲོ་འོང་སོགས་ལ་དམིགས་ཏེ། ཞིབ་ཕྲའི་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་སྒྲོམ་གཞིའི་ནང་དབུལ་ཕོངས་ཉུང་གཏོང་དང་། སློབ་གསོ་སྤེལ་རེས། ཐང་རྒོད་ཅན་འགོག་བཅོས་བཅས་ཀྱི་མཉམ་ལས་ལྟེ་གནས་ཆེན་པོ་གསུམ་དང་ཉོ་ཚོང་ཤར་བགྲོད་མཉམ་ལས་སྟེགས་བུ་བཙུགས་ཐོག ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དམངས་འཚོ་དང་གོང་འཕེལ་གྱི་རྣམ་གྲངས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཏེ། འབྱུང་འགྱུར་ལོ་གཉིས་ནང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་3000ལ་གསོ་སྦྱོང་མིང་སྐལ་སྤྲོད་རྒྱུའི་གཏན་འཁེལ་ཡོད།
གསུམ་ནི་ཞི་བདེ་ལྷིང་འཇགས་དང་སྐྱིད་སྡུག་མཉམ་མྱོང་གི་བདེ་འཇགས་རྣམ་པ་གཏོད་དགོས། ང་ཚོས་ས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་ཐལ་དྲགས་པའི་བསམ་བློར་དོགས་ཟོན་དང་བཀག་འགོག་བྱེད་པ། “སྟོབས་ཤུགས་ངན་པ་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་ལས་བརྒལ་བའི་སྒྲིག་འཛུགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། དྲ་རྒྱ་དང་སྐྱེ་དངོས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་རོགས་རམ་གང་ཐུབ་བྱེད་འདོད་ཡོད།
བཞི་ནི་གཅིག་སེམས་གཅིག་མཐུན་དང་ཕན་ཚུན་ཤེས་རྟོགས་ཀྱི་མི་ཆོས་རིག་གནས་འབྲེལ་འདྲིས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། བུད་མེད། གཞོན་ནུ། སྨྱན་སྦྱོར། རིག་མཛོད་སོགས་བར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱ་རྒྱུ་ཡིན། ཨ་ཤེ་ཡ་དབུས་མར་རིག་གནས་ལྟེ་གནས་དང་། མཐོ་སློབ་ཡན་ལག་སློབ་གྲྭ ལུའུ་པན་བཟོ་ཁང་བཅས་དེ་བས་མང་བ་བཙུགས་ཏེ་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་འདོད་ཡོད། ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱང་ནས་ས་གནས་བར་དང་། གཞུང་ཕྱོགས་ནས་དམངས་ཁྲོད་བར། ཁྱིམ་མཚེས་ས་ཁུལ་ནས་ས་ཁོངས་དེ་བས་རྒྱ་ཆེ་བའི་བར་བཅས་ཀྱི“སེམས་མཐུན”རྣམ་པ་མཉམ་དུ་གཏོད་འདོད་ཡོད།
ལྔ་ནི་གཞུང་དྲང་ལུགས་མཐུན་དང་འདྲ་མཉམ་དང་གོ་རིམ་ལྡན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱ་དགོས། ང་ཚོས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་རེད། དཀའ་སྡུག་ཚད་མེད་འཕྲད་པའི་དམག་འཁྲུག་གི་ལོ་ཟླར། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ས་ཁུལ་གྱི་མི་དམངས་ནས་ཕན་ཚུན་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་གིས་ཐུན་མོང་ཐོག་མིའི་རིགས་ཀྱི་དྲང་བདེན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དར་སྤེལ་གཏོང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་གོང་འཕེལ་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་བ་སྣོན་དགོས་ཞེས་བསྟན་གནང་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་དབྱེར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་སྤུས་ཚད་སྔར་ལས་མཐོ་བའི་མཉམ་ལས་བྱེད་པ་དང་། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་སོགས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འགོ་ཁྲིད་པས་མགྲིན་གཅིག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག ཀྲུང་གོར་ཀུན་གྱི་དོ་ཁུར་བྱེད་པའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཁྱོན་ཡོངས་མཉམ་ལས་བྱས་ནས། རྒྱལ་ཁབ་ཁག་ལ་ཐོབ་པར་དཀའ་བའི་གོང་འཕེལ་གྱི་གོ་སྐབས་བཏོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལམ་སྲོལ་དེ་ཕྱོགས་གཉིས་པོའི་སྐད་ཆ་ཤོད་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ངེས་མེད་རང་བཞིན་གྱི་ཁེངས་པའི་འཛམ་གླིང་ཁྲོད། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་འཐབ་ཇུས་དོན་སྙིང་སྔར་བས་མངོན་གསལ་དོད་དུ་འགྲོ་བ་དང་། ཀྲུང་གོའི་དར་རྒྱས་སྟོབས་ཆེས་མཐའ་འཁོར་གྱི་རྒྱལ་ཁབ་ལ་ཕན་པ་སྐྲུན་བཞིན་ཡོད། ཀྲུང་གོ་ནི་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གིས་ཡུན་རིང་ཡིད་ཆེས་བྱེད་ཆོག་པའི་འཐབ་ཇུས་རོགས་ཟླ་དང་གྲོགས་པོ་ངོ་མ་ཡིན། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ། གཉིས་ཕན་མཉམ་ལས་བྱེད་སྟངས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་དམ་ཟབ་དང་། ཉོ་ཚོང་དང་མ་འཇོག་གི་གཞི་ཁྱོན་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། བཟོ་ལས་དང་། ཞིང་ལས། ཚན་རྩལ། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་བདེ་འཇགས་རོགས་ལས་བྱ་ཤུགས་ཆེ་རུ་གཏོང་བ། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལམ་སྲོལ་དེ་ཉིད་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་དུ་གཏོད་དེ། གོང་འཕེལ་དར་རྒྱས་མཉམ་སྤྱོད་དང་། མཉམ་དུ་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས། དེ་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོས་འདོན་སྤེལ་བྱས་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་བསྔགས་བརྗོད་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཀྲུང་གོ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།
དབུ་ཚོགས་རིང་། ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་ལྷན་དུ་སྐབས་གཉིས་པའི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ཨ་སི་ཐ་ནཱ་ཡི་བསྒྲགས་གཏམ་ཞེས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐུའུ་ཁུའུ་མན་སི་ཐན། ཨུ་ཙེ་བྷེ་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་བར་གྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ཅེས་པར་མཚན་རྟགས་བཀོད་ཡོད།
དབུ་ཚོགས་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་སྣ་འགྲོ་འོང་སྟབས་བདེ་ཅན། སྦགས་མེད་གཏེར་རྫས། ཉོ་ཚོང་ཤར་བགྲོད། མཉམ་སྦྲེལ་མཉམ་མཐུད། བཟོ་ལས། འགག་སྒོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་12ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དབུ་ཚོགས་རིང་། ཀྲུང་གོས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་བར་མཛའ་གྲོགས་གྲོང་གི་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་པོའི་མཛའ་གྲོགས་གྲོང་གི་གྲངས་འབོར་100ལས་བརྒལ་ཡོད།
ཞི་ཅིན་ཕིང་གིས་ད་དུང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་ལྷན་དུ་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུལ་ཕོངས་ཉུང་གཏོང་མཉམ་ལས་ལྟེ་གནས་དང་། སློབ་གསོའི་སྤེལ་རེས་མཉམ་ལས་ལྟེ་གནས། ཐང་རྒོད་ཅན་འགོག་བཅོས་ཀྱི་མཉམ་ལས་ལྟེ་གནས། ཉོ་ཚོང་ཤར་བགྲོད་ཀྱི་མཉམ་ལས་སྟེགས་བུ་བཅས་ཀྱི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོར་ཞུགས་ཡོད།
ཕྱོགས་ཁག་ནས་ཀྲུང་གོས་2027ལོར་སྐབས་གསུམ་པའི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུའི་གྲོས་གཏན་འཁེལ་ཡོད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུས་དབུ་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་ཀྱི་གཙོ་བདག་ལ་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།