ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་ཚེས་2ཉིན་གྱི་སྔ་དྲོ་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་གཞོན་ནུ་སློབ་མ། རྒྱ་ཆེའི་ཕྱི་རྒྱལ་གྱི་ཀྲུང་ཧྭ་གཞོན་ནུ་བཅས་ལ་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ལྔའི་རིང་། ཏང་གི་འགོ་ཁྲིད་འོག་དང་གུང་གཞོན་སྡེ་ཚོགས་ཀྱི་རོགས་རམ་མཛུབ་ཁྲིད་འོག རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་འགན་འཁུར་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་ཀྱིས་ཏང་གི་རྗེས་སུ་དམ་པོར་འབྲང་ཞིང་འབད་འབུངས་ཡར་བརྩོན་དང་། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད་ཅེསགསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞོན་ནུ་རྣམས་ལ་བྱས་ན་བྱེད་གཞི་ཆེན་པོ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་དཔའ་ངར་ཆེན་པོས་འཁུར་བ་བཅས་བྱས་ཏེ། འགན་འཁྲི་འཁུར་བའི་ལང་ཚོའི་ལེའུ་འབད་པས་རྩོམ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་བདེ་ཐང་ངང་འཚར་ལོངས་དང་བྱས་རྗེས་འཇོག་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ཐོག རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་མཐུན་སྒྲིལ་དང་སྣེ་ཁྲིད་སྔར་ལས་ལེགས་པར་བྱས་ནས། ཏང་གི་དར་ཆའི་འོག་ཏུ་རྒྱང་ལམ་གསར་པར་འབད་པས་བསྐྱོད་པ་དང་གྲུབ་འབྲས་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་འགོ་ཚུགས་ཚོགས་འདུར་ཞུགས་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥེང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུང་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་དེས་ཀྲུང་གོའི་གཞོན་ནུའི་ལས་འགུལ་སྔར་བས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ཏང་གི་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་བློ་ལ་བརྟན་པོར་ངེས་ཤིང་། ཕུགས་བསམ་ལྡན་པ་དང་འགན་འཁུར་ཕོད་པ། དཀའ་ངལ་བཟོད་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་སེམས་ཐག་བཅད་དེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དེ་ཉིད་རང་ཉིད་ཀྱི་ལས་འགན་དུ་བརྩིས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་འགན་འཁུར་ཐུབ་པའི་ལང་ཚོའི་ལེའུ་ཞིག་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
ལི་ཀན་ཅེ་དང་། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཐའེ་ཉིང་། པ་ཐེར་སོགས་ཚོགས་འདུར་ཞུགས་ཡོད།
ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུའི་ཐོག གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་ཤིས་ཚིག་གསུངས་པ་རེད། ཀྲུང་གོ་ཚན་རིག་མཐུན་ཚོགས་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོ་ཡིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཞའོ་དང་སྐབས་ཉེར་བདུན་པའི་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཧུའེ་ཡིས་ཁག་སོ་སོར་རྒྱལ་ཡོངས་གཞོན་ནུ་མཉམ་བྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ལས་དོན་སྙན་ཞུ་གནང་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། པེ་ཅིང་གྲོང་ཁྱེར་བཅས་ཀྱི་འགན་ཁུར་བློ་མཐུན་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་གཞོན་ནུ་དང་གཞོན་ནུ་སློབ་མའིའཐུས་མི་སོགས་མི་3000ཙམ་འགོ་ཚུགས་ཚོགས་འདུར་ཞུགས་ཡོད།
ད་ཐེངས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ལྔ་སོང་ཚུན་གྱི་ལས་དོན་ལ་ཕྱོགས་བསྡོམས་དང་འབྱུང་འགྱུར་ལོ་ལྔའི་ལས་དོན་དང་ལས་འགན་ཐད་ཞིབ་འཇུག་གཏན་འབེབས་བྱ་རྒྱུ་དང་། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ཅེས་པ་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ཅེས་པར་བཟོ་བཅོས་རྒྱག་རྒྱུ། སྐབས་གསར་པའི་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་འདེམས་ཐོན་བྱ་རྒྱུ་བཅས་ཡིན།