ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ཤིན་ཅང་གི་ལོ་ངོ70ཡི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་གནང་བ།

སྤེལ་དུས 2025-09-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ།

             ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
             ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ནས་རྟེན་འབྲེལ་གློག་འཕྲིན་བཏང་བ།
             ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས།
             ཝང་ཧུའུ་ཉིང་ཞུགས་པ་མ་ཟད་གསུང་བཤད་གནང་ཞིང་། ཚའེ་ཆི་ཞུགས་པ།
             ལོ་ངོ་བདུན་ཅུ་འབད་འབུངས་ཡར་བརྩོན་བྱས། ཐེན་ཧྲན་ལྷོ་བྱང་རྣམ་པ་གསར་པས་རྒྱན། ཚེས25ཉིན་གྱི་སྔ་དྲོ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཤིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་གནང་ཡོད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཚོགས་འདུར་ཞུགས་ཡོད།
             ཤིན་ཅང་མི་དམངས་ཚོགས་ཁང་དུ་གློག་འོད་རྣམ་པར་བཀྲ་བ་དང་། རྣམ་པ་གཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད། ཀྲུའུ་ཞི་སྟེགས་བུའི་སྟེང་ཕྱོགས་སུ“ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན”ཞེས་པའི་འཕྲེད་ཡིག་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དཀྱིལ་དབུས་སུ་གཟི་འོད་འཚེར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཀལ་ཡོད་ཅིང་། གཞོགས་གཉིས་སུ་དར་དམར10གྲལ་སྟར་འགྲིག་པོས་བསྒྲིགས་ཡོད། ཚོགས་ཁང་གི་རྒྱབ་ཕྱོགས་སུ“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། འབྱུང་ཁམས་ལེགས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད།
             སྔ་དྲོའི་ཆུ་ཚོད10དང་སྐར་མ30ཙམ་དུ། སྤྲོ་སྣང་དོད་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་པ་དང་། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་གྲགས་ཡོད།
             ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན•ཐུའུ་ཉི་ཡ་ཙིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཀན་ཅེ་ཡིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྟེན་འབྲེལ་ཞུ་ཡིག་སྒྲོག་སྦྱང་གནང་ཡོད།
             ཝང་ཧུའུ་ཉིང་གིས་གསུང་བཤད་གནང་ཡོད། ཁོང་གིས། ལོ་ངོ70ཡི་གོང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་རེད། ལོ་ངོ70ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན། ཏང་གི་འགོ་ཁྲིད་འོག ཤིན་ཅང་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་རང་ཁྱིམ་རང་བདག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། དེ་བཞིན་བསྒྱུར་བཅོས་སྒོ་འབྱེད་བཅས་ཀྱི་རླབས་ཆེའི་རྒྱལ་ཁ་རྒྱུན་ཆད་མེད་པར་བླངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཐོག་ནས་ཤིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག དུས་རབས་གསར་པའི་ཏང་གི་ཤིན་ཅང་བཅོས་སྐྱོང་གི་ཐབས་ཇུས་གཏན་འཁེལ་བྱས་པ་དང་། ཤིན་ཅང་གི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། ཤིན་ཅང་གིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཡོད། ཤིན་ཅང་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཏེ།  མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་འབྲུ་གུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་། མགོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་སྐྱོད་བཞིན་ཡོད་ཅེས་གསུངས་འདུག
             ཝང་ཧུའུ་ཉིང་གིས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་ལོ་ངོ70ཡི་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱིས་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྒོ་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་གྱི་གསོན་ཤུགས་ཆེན་པོ་མངོན་ཞིང་། དུས་རབས་གསར་པའི་ཏང་གི་ཤིན་ཅང་བཅོས་སྐྱོང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད།
             ཝང་ཧུའུ་ཉིང་གིས། ཤིན་ཅང་གི་དེང་རབས་ཅན་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།  “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག དུས་རབས་གསར་པའི་ཏང་གི་ཤིན་ཅང་བཅོས་སྐྱོང་གི་ཐབས་ཇུས་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་དམ་པོར་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་ཐིག་དམ་འཛིན་བྱེད་པ། ཁྲིམས་ལྟར་ཤིན་ཅང་བཅོས་སྐྱོང་དང་། མཐུན་སྒྲིལ་གྱིས་ཤིན་ཅང་བརྟན་ལྷིང་ཡོང་བར་བྱེད་པ།  ཤིན་ཅང་ལ་རིག་གནས་ཀྱི་གྲུ་ཆར་འབེབ་པ།  དམངས་ཕྱུག་ཤིན་དར་ཡོང་བར་བྱེད་པ།  ཤིན་ཅང་ཡུན་རིང་འཛུགས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། འབྱུང་ཁམས་ལེགས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས།
             ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཅང་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ། ཡུ་གུར་རིགས་མང་ཚོགས་ཀྱི་འཐུས་མི་ཨའེ་སྨི་ལ་ཀུའུ་ལི•ཨ་པུའུ་ཏུའུ། རྒྱ་རིགས་མང་ཚོགས་ཀྱི་འཐུས་མི་ཀུའུ་ཞང་ཧྥེང་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཡོད།
             ཧོ་ལི་ཧྥེང་དང་། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི་.ཀྲ་ཁེར།  ཧྲེན་དབྱི་ཆིན། ཝང་ཏུང་ཧྥེང་། ལིའུ་ཀྲེན་ལི་བཅས་དང་། ཤིན་ཅང་དུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན།  ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས་ཡོད།