ཞི་ཅིན་ཕིང་ནས་ཏང་གི་སློབ་གྲྭའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
སྤེལ་དུས 2025-09-29
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རིམ་ཁག་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། སློབ་ཁྲིད་དང་ཚན་ཞིབ་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། ལས་དོན་ཁག་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པའི་ཐོག རིམ་ཁག་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པ་རྒྱུན་འཁྱོངས། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་བཅས་ཀྱི་ཐོག་ནས། ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི་ལས་དོན་སྔར་ལས་ལེགས་པར་བསྒྲུབ་དགོས། སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་རིགས་གཞུང་སློབ་གསོ་དང་ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་གསོ་སྦྱོང་བཅས་མངོན་གསལ་དོད་སར་བཞག་ནས། སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་རིག་ལམ་ཅན་གྱི་ཞིབ་འཇུག་འགྲེལ་བརྗོད་ལ་ཤུགས་སྣོན་བརྒྱབ་སྟེ། རིག་མཛོད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས། སློབ་གྲྭ་ནན་སྐྱོང་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་བྱེད་པ་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་མར་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སློབ་གྲྭ་གཉེར་བ་དང་སློབ་གྲྭ་སྐྱོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ཁུངས་སྟོབས་ཤུགས་སྡེབ་སྒྲིག་བྱེད་པ། རྒྱབ་སྐྱོར་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བྱ་གཞག་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་ཡོངས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཚོགས་འདུ་དེ་ཟླ9པའི་ཚེས28ཉིན་པེ་ཅིང་དུ་འཚོགས་ཡོད། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཁྲེན་ཞི་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་མ་ཟད་གསུང་བཤད་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ། ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པ་སྔར་བས་རང་རྟོགས་ངང་རྒྱུན་འཁྱོངས་བྱེད་པ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་གྱི་སྤྱིའི་བླང་བྱ་འདི་དམ་འཛིན་བརྟན་པོ་བྱེད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཆུ་ཚད་མཐོ་པོས་ཐབས་ཇུས་འབུལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཞི་རྩའི་གསོ་སྦྱོང་ལ་དམིགས་ཏེ་ལས་བྱེད་པ་དང་ཏང་ཡོན་གསོ་སྦྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། བརྗོད་དོན་གཙོ་བོ་དང་གཙོ་ཐིག་ལ་དམ་པོར་དམིགས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སློབ་གྲྭ་ནན་སྐྱོང་དང་སྤུས་ཚད་ལྡན་པའི་སློབ་གྲྭ་འཛུགས་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། གསོ་སྦྱོང་གི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ནང་སོག་དང་། ཧྲན་ཞི། ཀྲེ་ཅང་། ཧྥུ་ཅན། ཀུའེ་ཀྲོའུ་སོགས་ཞིང་ཆེན་རིམ་པའི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)5དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཡན་ལག་སློབ་གྲྭ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཡན་ལག་སློབ་གྲྭ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར་ཁག ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་ཨུད་དང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།