ཟླ10པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷང་ག་ལའི་སྲིད་འཛིན་ཁྲུའུ་ཕུའུ་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་རྒྱུན་རིང་། འབྲེལ་བ་བཙུགས་པའི་དུས་རབས་ཕྱེད་ཀའི་ཚུན་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་ཕན་ཚུན་བར་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་མིག་དཔེ་བཏོད། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་བྷང་ག་ལའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ནས་ཇེ་བརྟན་དུ་སོང་བ་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་བཏང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྲིད་འཛིན་ཁྲུའུ་ཕུའུ་དང་མཉམ་དུ་འབད་བརྩོན་སྒོས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ། ཐུན་མོང་སྒོས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད།
ཁྲུའུ་ཕུའུ་ཡིས་བསྟན་དོན། འདས་པའི་ལོ50ཡི་རིང་། བྷང་ག་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཡུན་རིང་མཉམ་ལས་བཅས་བྱས་པའི་རྨང་གཞིའི་སྟེང་། ཐུན་མོང་སྒོས་བརྩེ་སེམས་ཟབ་མོ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་ཕན་བདེ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་ཞི་བདེ་དང་། བརྟན་བརླིང་། ཐུན་མོང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་ནུས་པ་གལ་ཆེན་ལ་བྷང་ག་ལ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་བྷང་ག་ལའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྔར་ལས་ཕན་འབྲས་ཐོན་ངེས་པར་ཡིད་ཆེས་ཡོད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བྷང་ག་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། ཀྲུང་གོ་དང་བྷང་ག་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཡིའུ་ནུའུ་སིས་བསྟན་དོན། བྷང་ག་ལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ལོ50ཡི་རིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་དུས་ཡུན་རིང་བོར་བརྟན་ཞིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་སོང་སྟེ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། བྷང་ག་ལ་ཕྱོགས་ཀྱིས་བྷང་ག་ལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད།