ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི་གསུང་བཤད་ལ་ལས་བྱེད་མང་ཚོཌ་ཁྲོད་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2025-10-11 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

            ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད། འོད་སྟོང་འཕྲོ་བའི་མདུན་ལྗོངས་ལ་རྒྱང་ལྟ་བཅས་གནང་ནས། སྔ་འཛིན་ཕྱི་གཏོད་ཀྱི་དུས་སྐབས་གལ་ཆེན་འདིར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།

            སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་མ་ཆེན་པོ་ཐེབས་ཤིང་། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་། སྙིང་སྟོབས་ཆེར་སྐྱེད། མཐུན་སྒྲིལ་འབད་འཐབ། དཀའ་སེལ་འགག་སྒྲོལ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡུན་རིང་མ་སོང་གོང་། ང་ཚོས་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པས། མི་རིགས་ཀྱི་སྙིང་སྟོབས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། རྒྱལ་གཅེས་སྤྲོ་སེམས་ལ་སྐུལ་མ་ཐེབས་པ། འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་མུ་མཐུད་བེད་སྤྱོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་འཛུགས་སྐྲུན་སྔར་ལས་ཡག་པ་བྱས་ཏེ། འགོ་ཁྲིད་པ་རྒན་རབས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོས་བཏོད་པའི་བྱ་གཞག་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས་ཞེས་བསྟན་གནང་ཡོད།

            ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་བཟོ་མ་ཆི་རུའེ་ནི་ལྗར་འགོག་མི་རིགས་དཔའ་བོ་དབྱང་ཅིན་ཡུས་ཀྱི་ཡང་ཚ་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་རྗེས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

            མ་ཆི་རུའེ་ཡིས། དམག་དཔོན་དབྱང་ཅིང་ཡུས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་། རྒྱལ་གཅེས་ཀྱི་བརྩེ་བ། རང་སྲོག་བློས་གཏོང་གི་སྙིང་སྟོབས། ལྕགས་ལྟར་མཁྲེགས་པའི་བློ་སྟོབས་བཅས་ནི་ང་ཚོའི་ཁྱིམ་རྒྱུད་ཀྱི་ཆེས་རྩ་ཆེན་གྱི་བསམ་པའི་རྒྱུ་ནོར་ཞིག་ཡིན་ལ། དེ་བས་ང་རང་ཟམ་མི་ཆད་པར་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཀྱང་ཡིན། ངའི་ངོས་ནས་བཤད་ན། མཚན་མོའི་ལས་རེས་རེ་རེ་ཡག་པོ་སྒྲུབ་པ་དང་བདེ་འཇགས་སྐོར་ཞིབ་རེ་རེ་ནན་ཏན་གྱིས་ལེགས་སྒྲུབ་བྱེད་པ་ནི་ལྕགས་ལམ་ཤར་གཏོང་ཐུབ་པར་འགན་ལེན་དང་། མང་ཚོགས་འགྲོ་སྐྱོད་བྱེད་པར་ཞབས་འདེགས་ཞུ་བ། མེས་རྒྱལ་གོང་འཕེལ་ཆེད་ལེགས་སྐྱེས་འབུལ་བ་ཞིག་ཡིན་ཞེས་བརྗོད་ཡོད།

            སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་བ་དེས་དམག་ཡོངས་ཀྱི་དཔོན་དམག་གི་སེམས་ཤུགས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོའི་ནང་ཞུགས་པའི་སྐམ་མཚོ་གཉིས་ལྡན་གྱི་འཕྲལ་རྒོལ་རུ་ཁག་གི་དམག་མི་ལིའུ་ཧའོ་ཐེན་གྱིས། ཞི་ཀྲུའུ་ཞིའི་གསུང་བཤད་ནང་། ལོ་རྒྱུས་ལ་ཕྱིར་བལྟ་བྱེད་སྐབས། ཀྲུང་ཧྭ་མི་རིགས་ཉེན་ཁའི་གནས་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པ་དང་། དཀའ་བ་དུ་མ་ཁྱད་བསད་བྱས་ཡོད་ལ། སྤོབས་སེམས་ཀྱིས་ཁེངས་ཤིང་རྒྱལ་ཁའི་དབྱངས་རྟ་ཡང་གྲགས་ཡོད་ཅེས་བསྟན་གནང་ཡོད། ང་ཚོས་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས་པ་དང་སྙིང་སྟོབས་ཆེ་རུ་ཕྱིན་སོང་། རྒྱལ་ཁབ་གོང་འཕེལ་འགྲོ་བ་དང་བསྟུན། དམག་དཔུང་གི་སྒྲིག་ཆས་གསར་བརྗེས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། ང་ཚོ་མཚོ་དམག་སྐམ་འཐབ་རུ་ཁག་གི་རུ་མིས་རྒྱུན་ཆད་མེད་པར་འཐབ་འཛིང་གི་ནུས་པ་ཆེ་རུ་གཏོང་བ་དང་། ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་བརྗོད་ཡོད།

            ད་ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཀྲའོ་ཤིང་ཏུང་རིགས་གྲོང་ཚོར་རྟོག་ཞིབ་གནང་བ་དང་། ཀུའེ་ཀྲོའུ་ཡི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལུའུ་ཡུང་མེ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་རྗེས་ལུའུ་ཡུང་མེ་ཡི་ལས་ཀའི་ཧུར་སེམས་ལྡབ་ཀྱི་ཆེ་རུ་ཕྱིན་ཡོད།

            ལུའུ་ཡུང་མེ་ཡིས། ཏུང་རིགས་གྲོང་ཚོ་ནས་ཐོན་པའི་རས་གཞི་སྔོ་ནག་གི་ཚོས་རྒྱག་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ངའི་ལག་རྩལ་དེ་ནི་འཚོ་གནས་ཁོ་ན་ཙམ་གྱི་ཆེད་དུ་མིན་པར། ད་དུང་མེས་པོས་བཞག་པའི་རིག་གནས་རྒྱུན་འཛིན་བྱ་ཆེད་ཡིན། ད་ཆ་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་མཐོང་ཆེན་དང་གསར་གཏོད་ལ་རྒྱབ་སྐྱོར་གནང་གི་ཡོད་པས། ང་ཚོའི་སེམས་ཤུགས་དེ་བས་ཀྱང་ཆེ་རུ་ཕྱིན་སོང་། ངས་འབད་བརྩོན་བྱས་ཏེ་རས་ཚོས་རྒྱག་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཡོད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་སྔར་ན་མེད་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད། ཕུགས་འདུན་དང་འགྲན་སློང་ཚང་མས་ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་། ནམ་ཡང་ལྷོད་གཡེངས་མི་ཤོར་བར་བྱེད་པའི་འབད་འཐབ་སྙིང་སྟོབས་ལ་སྐུལ་མ་ཐེབས་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།

            མིག་སྔར། རང་རྒྱལ་གྱི“འབྲུ་མཛོད་ཆེན་མོར”འབོད་པའི་ཧེ་ལུང་ཅང་ནི་ལོ་ཏོག་བརྔ་བསྡུའི་དུས་ལ་སླེབས་ཡོད། ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་ལོ་རེ་བཞིན་ཐོན་འཕར་བྱུང་བ་དེ་ནི་ཞིང་ལས་ལས་དོན་པ་མི་རབས་རེ་རེས་སྤོབས་སེམས་ཀྱིས་ཁེངས་པ་དང་རྒྱལ་ཁའི་གླུ་དབྱངས་བླངས་ནས་དུས་རབས་ལ་འབུལ་བའི་རྒྱུགས་ལན་ཞིག་རེད།

            པེ་ཏ་ཧོང་ཚོགས་པའི་ཅུན་ཁྲོན་ཞིང་རའི་ཞིང་ལས་ཚན་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧོ་ཡན་གྱིས། དུས་རབས་གསར་པའི་ཞིང་ལས་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོས་རིག་ནུས་ཞིང་ལས་འཕྲུལ་ཆས་བཀོད་གཏོང་དང་ལོ་ཏོག་བརྔ་བསྡུའི་གྱོང་གུན་ཉུང་གཏོང་བྱས་ཏེ། དུས་ཐོག་ཏུ་འབྲུ་རིགས་མཛོད་དུ་འཇུག་རྒྱུར་འགན་ལེན་བྱེད་དགོས་ལ། སོན་བཟང་དང་། ལག་རྩལ་ཡག་པོ། གྲུབ་འབྲས་བཟང་པོ་བཅས་ཐོན་སྐྱེད་དངོས་ཀྱི་ཁྲོད་གང་མགྱོགས་ཁྱབ་གདལ་བཏང་ནས། ཚན་རྩལ་ཞིང་ནང་དུ་བཀོལ་སྤྱོད་བྱེད་དགོས། མིག་སྔར་ང་ཚོས་ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་བསྡུ་བ་དང་སྣ་རིགས་ཚོད་ལྟ་དང་ཐོན་ཚད་ཚད་ལེན་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་བཞིན་ཡོད་ཅིང་། འབྲུ་རིགས་འདེབས་འཛུགས་སྔར་ལས“རིག་ལྡན”དུ་འགྱུར་བ་བྱེད་པ་དང་། ལོ་ལེགས་སྔར་ལས“བརྟན་པོ”ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

            “དུས་རབས་ཀྱི་མིག་དཔེ”ཝང་ཅི་ཚའེ་ཁྱོ་ཤུག་གིས་ལོ་ངོ་32རིང་ཅང་སུའུ་ཁའེ་ཧྲན་གླིང་ཕྲན་བརྟན་སྲུང་བྱས་པ་དང་། མི་རབས་གསར་པའི་ཡུལ་དམག་གིས་མུ་མཐུད་འབད་འཐབ་བྱེད་བཞིན་ཡོད། ཁའེ་ཧྲན་གླིང་ཕྲན་སྲུང་མཁན་ཡུལ་དམག་ཀེ་སུང་ཐའོ་ཡིས། ང་ནི་ཁའེ་ཧྲན་གླིང་ཕྲན་གྱི་གླིང་སྲུང་བ་གསར་པ་ཞིག་ཡིན་པས། ང་ཚོས་གླིང་སྲུང་རྒྱལ་སྲུང་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ང་ཚོའི་ཁའེ་ཧྲན་གླིང་ཕྲན་སྲུང་སྐྱོབ་ཡག་པོ་དང་ལྟ་སྐྱོང་ཡག་པོ་བྱེད་ངེས་ཡིན་པས། ཏང་དང་མི་དམངས་ཐུགས་བློ་བདེ་པོ་གནང་རོགས་ཞེས་བརྗོད་ཡོད།