ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་མ་ཧ་མ་དང་མཇལ་འཕྲད་གནང་བ།
སྤེལ་དུས 2025-10-16
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་10ཚེས་14ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་ཀག་ནའི་ཙུང་ཐུང་མ་ཧ་མ་དང་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཀག་ན་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་རེད། ཀྲུང་གོ་དང་ཀག་ནའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་སྐུ་ངོ་མས་བཙུགས་པ་ཞིག་ཡིན་པས། མཛའ་གྲོགས་འབྲེལ་བ་རྒྱུན་འདྲིས་ཇེ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཡིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཀག་ན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་སྤུས་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་དུས་ནམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེན་པ་དང་མཛའ་མཐུན་ལྷག་བསམ་གྱི་འདུ་ཤེས་དང་ཡང་དག་པའི་བདེན་སེམས་དང་ཁེ་ཕན་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པ་དང་། ཀག་ན་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་དོན་འཁྱོལ་བྱས་ཏེ། སྣ་མང་ཅན་གྱི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱེད་དགོས་པ་དང་། གཏེར་ལས་དང་། ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཀག་ན་ཕྱོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་བར་རོགས་རམ་བྱེད་པ། ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ནུས་ལྡན་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ཐུན་མོང་ཐོག་ལག་ལེན་བསྟར་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་གྲོས་ཆོད་ཀྱི་སྔ་དུས་ཀྱི་གྲུབ་འབྲས་བཀོད་སྒྲིག་ཐད་རྩ་དོན་གྱི་ཐུན་མོང་ངོས་འཛིན་བྱུང་བ་དང་། ཀག་ན་ཕྱོགས་ནས་ཀྲུང་གོས་ཨ་ཧྥེ་རི་ཁ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་བར་གྱི་དཔྱ་ཁྲལ་རྣམ་གྲངས་ཐོན་རྫས་100%ལ་སྒོ་ཁྲལ་མི་བསྡུ་བའི་བྱ་ཐབས་བཟུང་བའི་ཁྲོད་ནས་སྔ་ཙམ་ཕན་པ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད།
མ་ཧ་མ་ཡིས་ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལེགས་འགྲུབ་ལྡན་པའི་ངང་སྐོང་འཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ད་ཐེངས་ཀྱི་དབུ་ཚོགས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། འཛམ་གླིང་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་འགོ་ཁྲིད་ནུས་པ་ལེགས་པར་མངོན་ཡོད་པའི་ངོས་འཛིན་གནང་བ་རེད། ཁོང་གིས། ཀག་ན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་མཉམ་ལས་བྱས་པ་བརྒྱུད་ཀག་ན་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀག་ན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་ཞིང་། ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་། གྲངས་འཛིན་དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་ཁུངས། གཏེར་རྫས། མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀག་ན་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཀྲུང་གོ་སོགས་འདུ་ཤེས་འདྲ་བའི་རྒྱལ་ཁབ་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་མཐུན་སྦྱོར་དམ་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་ལེན་བསྟར་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།