ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ།
སྤེལ་དུས 2025-11-26
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་24ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཟླ་གོང་མར་ང་ཚོ་ཧན་གོའི་ཧྥུའུ་ཧྲན་དུ་མཇལ་འཛོམས་བྱུང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་སྟེ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་པ་མ་ཟད། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་ཀྱང་བརྒྱུད་སྤྲོད་བྱས་ཡོད། ཧྥུའུ་ཧྲན་དུ་མཇལ་འཛོམས་བྱུང་ཚུན་དུ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་དང་ཨ་རི“མཐུན་ན་གཉིས་ཕན་དང་འཐབ་ན་གཉིས་ཕམ”ཡོང་ངེས་པ་དེ་ནི་ལག་ལེན་དངོས་ནས་ར་འཕྲོད་ཡང་ཡང་ཐུབ་པའི་རྒྱུན་ཤེས་ཤིག་ཡིན་པ་དང་། ཀྲུང་གོ་དང་ཨ་རིས“ཕན་ཚུན་གྲུབ་འབྲས་ཐོབ་པར་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གཏོང་བ”དེ་ནི་མཐོང་ཐུབ་པ་དང་རེག་ཐུབ་པའི་དོན་དངོས་ཤིག་ཡིན་པ་དོན་དངོས་ལས་སླར་ཡང་གསལ་བཤད་ཐུབ་ཡོད། ཕྱོགས་གཉིས་པོས་འཕེལ་ཕྱོགས་འདི་རྒྱུན་འཁྱོངས་བྱས་ནས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་ཀྱི་གསལ་ཐོ་མང་དུ་གཏོང་བ་དང་གནད་དོན་གྱི་གསལ་ཐོ་ཉུང་དུ་གཏོང་བ། དགེ་མཚན་ལྡན་པའི་འཕེལ་ཕྱོགས་དེ་བས་མང་བ་བརྩོན་ལེན་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་མཉམ་ལས་ཀྱི་བར་མཐོངས་གསར་པ་བཏོད་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་འགྲེལ་གནང་ནས། ཐའེ་དབན་ཀྲུང་གོའི་པང་དུ་ལོག་པ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཨ་རིས་དེ་སྔ་དཔུང་པ་མཉམ་གཤིབ་ཀྱིས་ཧྥ་ཤི་སི་དང་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱས་ཡོད་པས། མིག་སྔའི་དུས་སུ་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་ཐུན་མོང་ཐོག་སྲུང་སྐྱོང་དེ་བས་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཐེ་རེན་ཕུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འགོ་ཁྲིད་པ་ཞིག་རེད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥུའུ་ཧྲན་དུ་མཇལ་འཛོམས་བྱེད་རིང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཁྱེད་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཛིན་པའི་གཟིགས་ཚུལ་ལ་རྦད་དེ་མོས་མཐུན་ཡོད། ཕྱོགས་གཉིས་པོས་ཧྥུའུ་ཧྲན་དུ་མཇལ་འཛོམས་བྱེད་རིང་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱལ་ཁ་ཐོབ་ཆེད་ནུས་པ་གལ་ཆེན་བཏོན་ཡོད་པས། ཐའེ་དབན་གྱི་གནད་དོན་དེ་ཀྲུང་གོའི་ངོས་ནས་བརྗོད་ན་གལ་ཆེན་པོ་ཡིན་པ་ཨ་རི་ཕྱོགས་ནས་བསམ་ཤེས་ཐུབ་ཀྱི་འདུག
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་སྐོར་གླེང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་གཞོལ་བའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་མི་མཐུན་པའི་ཆ་རྒྱུན་ཆད་མེད་པར་ཉུང་དུ་བཏང་ནས་དྲང་གཞག་དང་། ཡུན་རིང་། ཚོད་འཛིན་ལྡན་པ་བཅས་ཀྱི་ཞི་བདེའི་གྲོས་མཐུན་ཞིག་སྔ་ཙམ་བཞག་སྟེ། ཉམས་ཉེན་འདི་འབྱུང་རྩ་ནས་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།