ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2025-12-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ད་ལོའི་དཔལ་འབྱོར་གྱི་དུས་བབ་དང་སང་ལོའི་དཔལ་འབྱོར་ལས་དོན་སྐོར་ལ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པས། གདེང་ཚོད་བརྟན་དུ་གཏོང་བ་དང་། ལེགས་ཆ་ཡག་པོ་སྤྱོད་པ། འགྲན་སློང་ལ་ཁ་གཏད་གཅོག་པ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ལི་ཆང་གིས་ད་ལོའི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་བ་རེད།
  བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་སུན་ཏུང་ཧྲེང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ཧུང་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཁོང་ཚོས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་ལས་དོན་ལ་ཇུས་འགོད་བསམ་གཞིག་གནང་བར་ཡོངས་སུ་མོས་མཐུན་བྱས་པ་དང་སྦྲགས། ཐོན་ལས་ཁྱབ་ཚུལ་ལེགས་སུ་གཏོང་བ་དང་། སྤུས་ལེགས་མཁོ་སྤྲོད་བྱེད་མང་དུ་གཏོང་བ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། གྲངས་གཞི་གཙོ་རྒྱུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པ། ནང་མཁོ་རྒྱ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
  ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཚང་མས་ད་ལོའི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་སོང་བས། ང་ཚོས་ཞིབ་འཇུག་ནན་ཏན་བྱས་ནས་དང་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
  ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། དེ་བས་གོ་ཆོད་པ་དང་ཕན་འབྲས་ཆེ་བའི་གཞི་ཆེའི་སྲིད་ཇུས་ལག་བསྟར་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་གྲུབ་འབྱུང་བཞིན་ཡོད། འདས་ཟིན་པའི་ལོ་ལྔའི་ནང་། ང་ཚོས་རྡབ་རྡེབ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གང་ལེགས་བཅག་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པར་སྐུལ་འདེད་བཏང་བས། “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་འགྲིལ་ཉེར་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་ཡོད།
  ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ཚུན་དུ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་ཀྱི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་གཞིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་དང་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་བརྟག་ཞིབ་ཧུར་ཐག་བྱས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམངས་གཙོའི་ལྟ་སྐུལ་ཡག་པོ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཁག་གཅིག་ལ་དམིགས་ནས་དུས་ཐོག་ཏུ་ཐབས་འདོན་ཇུས་འབུལ་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་འཐབ་རྩོད་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་པ། དེ་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་ལེན་བསྟར་བ། སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཆེ་རུ་གཏོང་བ། ནང་ཁུལ་གྱི་དགོས་མཁོ་རྒྱུན་མཐུད་རྒྱ་ཆེར་དང་མཁོ་སྤྲོད་ལེགས་སུ་གཏོང་བ། འཕར་འབོར་ལེགས་སུ་གཏོང་བ་དང་གསོག་འབོར་ཕན་སྒྱུར་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་སྔོན་འགོག་དང་སེལ་བ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས།
  ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་ཀྱི་མི་སྣར་བླང་བྱ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གུང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཡང་དག་ལེན་པ་དང་གསལ་པོ་རྟོགས་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལངས་པ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱེད་དགོས། གཉིས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པར་ཐབས་ཇུས་དང་ནུས་ཤུགས་ཧུར་ཐག་འདོན་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་སོགས་ལ་གཞིགས་ནས་བརྟག་ཞིབ་གཏིང་ཟབ་བཅས་བྱས་ཏེ། རིན་ཐང་ལྡན་པ་དང་གནད་ལ་འཁེལ་བའི་བསམ་འཆར་དང་གྲོས་འགོ་འདོན་དགོས། གསུམ་ནས་སེམས་ནུས་གཅིག་སྒྲིལ་གྱིས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་དང་སྲིད་གཞུང་ལ་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་སེལ་བ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་པར་རམ་འདེགས་བྱས་ནས་རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་གདེང་ཚོད་བརྟན་གཏོང་དང་སྙིང་སྟོབས་འཕེལ་བར་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་པ་བཅས་རེད།
  ལིའུ་གོ་ཀྲུང་དང་། ལི་ཀན་ཅེ། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཝུའུ་ཀྲེང་ལུང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
  བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཧྲའོ་ཧུང་དང་། ཧོ་པའོ་ཞང་། ཝང་ཀོང་ཆན། ཀྲུའུ་ཡུང་ཤིན། དབྱང་ཀྲེན། ཀྲང་ཨེན་ཏི། ཧྥང་ཀོང་ཧྭ། ཏུའུ་དབྱིང་ཧྥུན་སོགས་ཡོད།