ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་མཛུབ་སྟོན་གལ་ཆེན་གནང་ནས། དབྱི་ཝུའུ་ཡི་ཚོང་ཟོག་ཆུང་གྲས་ཀྱིས་ཁྲོམ་ར་ཆེན་པོ་བཏོད་པ་དང་ཐོན་ལས་ཆེན་པོ་བཏོད་དེ། “དབྱི་ཝུའུ་ཡི་གོང་འཕེལ་ཉམས་མྱོང་”གྲུབ་ཡོད་པས། འདི་ནི་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་བའི་ལེགས་གྲུབ་ལྡན་པའི་ལག་ལེན་ཞིག་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཐོག “དབྱི་ཝུའུ་ཡི་གོང་འཕེལ་ཉམས་མྱོང་”ཕྱོགས་བསྡོམས་དང་བཀོལ་སྤྱོད་སྔར་བས་ལེགས་པོ་བྱས་ཏེ། ས་ཁུལ་ཁག་གིས་རང་ངོས་ཀྱི་ཐོན་ཁུངས་ཀྱི་བཟང་ཆར་གཞི་ཚུགས་པ་དང་། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། བསྒྱུར་བཅོས་གསར་གཏོད་དང་། དངོས་འཛིན་དངོས་སྒྲུབ། སྙིང་རུས་གཏན་འཁྱོངས་བཅས་བྱེད་པ། རང་སོའི་དོན་དངོས་དང་འཚམ་པའི་སྤུས་མཐོའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་འཚོལ་ཞིབ་བཅས་བྱས་ཐོག རྒྱལ་ཡོངས་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་རིང་། དབྱི་ཝུའུ་རུ་བརྟག་ཞིབ་ཐེངས་མང་གནང་བ་དང་། “དབྱི་ཝུའུ་ཡི་གོང་འཕེལ་ཉམས་མྱོང་”ཕྱོགས་བསྡོམས་དང་ཁྱབ་གདལ་བཏང་གནང་ཡོད། ལོ་འདི་དག་རིང་། དབྱི་ཝུའུ་ཡིས་“ཚོང་ཟོག་ཆུང་ངུ་དང་། ཁྲོམ་ར་ཆེན་པོ་”ཡི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་པས། མིག་སྔར་ཚོང་ཟོག་ཆུང་གྲས་ཀྱི་ཁྲོམ་ར་གཉེར་སྐྱོང་བྱེད་མཁན་གྱི་ཚོང་དུད་ཁྲི་126ལས་བརྒལ་བ་དང་། རྒྱལ་ཁབ་དང་ས་ཁུལ་230ལྷག་ཙམ་དང་ཉོ་ཚོང་འགྲོ་འོང་བྱས་ནས། 2025ལོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་གྲངས་འབོར་རྒྱལ་ཡོངས་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་ཨང་དང་པོར་སླེབས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།