ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

དཀྲོག་གཏམ་བཟོ་མཁན་མི་གསུམ་སྲིད་འཛིན་བཀག་ཉར་བྱས་འདུག

སྤེལ་དུས 2025-04-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

      ཉེ་ཆར། བོད་ལྗོངས་སྤྱི་བདེ་ལས་ཁུངས་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་དཀྲོག་གཏམ་བཟོས་ནས་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་གྱོད་གཞི་གསུམ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ་དྲ་རྒྱའི་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

      བྱམས་ཆེ་གེ་མོས“ཁྲིམས་འགལ་ངང་གཏེར་ཁ་སྔོག་པའི་དབང་གིས་ཞིང་ཁ་དང་ཁང་པ་སོགས་ལ་གཏོར་སྐྱོན་ཕོག་འདུག”ཅེས་དྲ་ཐོག་ཏུ་དཀྲོག་གཏམ་བཟོས་པའི་གྱོད་གཞི།

      ཉེ་ཆར། “གྲོང་ཚོ་ཞིག་ཏུ་གཏེར་ཁ་སྔོག་པའི་དབང་གིས་ཞིང་ཁ་དང་ཁང་པར་གཏོར་སྐྱོན་ཕོག་པ་དང་། འབྲི་གཡག་ཤི་བ། ཆུ་ཡུར་འགག་པ། ཆུ་འགོ་བཙོག་པོ་ཆགས་འདུག”ཟེར་བའི་དཀྲོག་གཏམ་དྲ་རྒྱའི་ཐོག་ཏུ་སྤེལ་བས་དྲ་དམངས་ཀྱི་དོ་ཁུར་ཆེན་པོ་ཐོབ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོས་ཡོད་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད།

      བྱམས་ཆེ་གེ་མོས་དྲ་ཐོག་ནས་རང་བྱུང་གནོད་འཚེའི་བརྙན་ལམ་ཞིག་ཕབ་རྗེས“གཏེར་ཁ་སྔོག་པའི་དབང་གིས་ཞིང་ཁ་དང་ཁང་པར་གཏོར་སྐྱོན་ཕོག་པ་དང་། འབྲི་གཡག་ཤི་བ། ཆུ་ཡུར་འགག་པ། ཆུ་འགོ་བཙོག་པོ་ཆགས་འདུག”ཟེར་བའི་ཡི་གེ་བརྒྱབ་སྟེ་དྲ་ཐོག་ཏུ་བསྐུར་བ་རེད། དེར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བྱམས་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་རེད།

      ནོར་ཆེ་གེ་མོས“ཕུག་ལམ་ཞིག་བརྡིབས་འདུག”ཅེས་དྲ་ཐོག་ཏུ་དཀྲོག་གཏམ་བཟོས་པའི་གྱོད་གཞི།

      ཉེ་ཆར། “རང་ལྗོངས་ཀྱི་ཕུག་ལམ་ཞིག་བརྡིབས་འདུག”ཅེས་པའི་ཆ་འཕྲིན་རྫུན་མ་ཞིག་དྲ་ཐོག་ཏུ་སྤེལ་བས་དྲ་དམངས་ཀྱི་དོ་ཁུར་ཆེན་པོ་ཐོབ་སྟེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོས་ཡོད་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ནོར་ཆེ་གེ་མོས་དྲ་དམངས་ཀྱི་དོ་ཁུར་ཐོབ་ཆེད། དྲ་ཐོག་ནས“ཕུག་ལམ་ཞིག་གི་ནང་དུ་བཟོ་པ་ངལ་གསོ་རྒྱག་པའི་པར”ཕབ་རྗེས“ཕུག་ལམ་བརྡིབས་པའི་དོན་རྐྱེན་ཐོན་འདུག”ཅེས་ཡི་གེ་བརྒྱབ་སྟེ་དྲ་ཐོག་ཏུ་བསྐུར་བ་རེད། དེར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ནོར་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་རེད།

      ཟླ་ཆེ་གེ་མོས“མི་གཉིས་ཀྱིས་འཁྲུལ་སྨན་བརྒྱབ་སྟེ་ཁྱིམ་གྱི་རྒྱུ་ནོར་བརྐུས་འདུག”ཅེས་དྲ་ཐོག་ཏུ་དཀྲོག་གཏམ་བཟོས་པའི་གྱོད་གཞི།  

      ཉེ་ཆར། “མི་གཉིས་ཀྱིས་གྲོང་གསེབ་ཏུ་མི་གཞན་གྱི་སྒོ་བརྡུངས་ཏེ་འཁྲུལ་སྨན་བརྒྱབ་ནས་མི་དྲན་མེད་དུ་འགྱེལ་རྗེས་དེའི་ཁྱིམ་གྱི་རྒྱུ་ནོར་བརྐུས་འདུག”ཅེས་པའི་དཀྲོག་གཏམ་ཞིག་དྲ་ཐོག་ཏུ་སྤེལ་བས་དྲ་དམངས་ཀྱི་དོ་ཁུར་ཆེན་པོ་ཐོབ་ནས་སྤྱི་ཚོགས་ཐོག་འཇིགས་སྣང་བྱུང་སྟེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོས་ཡོད་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཟླ་ཆེ་གེ་མོས་དྲ་དམངས་ཀྱི་དོ་ཁུར་ཐོབ་ཆེད་དཀྲོག་གཏམ་བཟོས་ནས་སྤྱི་པའི་སྒྲིག་ལམ་ཟང་ཟིང་བཟོས་པའི་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། དེར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཟླ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་རེད།