ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

སྒོར་18600རི་བའི་རྒྱན་ཤོག་བརྐུས་པ་མ་ཟད་བྱ་དགའ་སྒོར་……

སྤེལ་དུས 2024-03-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

           “ ཉེ་ཆར། ངས་ཚོང་ཁང་ནང་གི་རྒྱན་ཤོག་ཀྭ་ཀྭ་ལེ་ཁ་ཤས་ཉུང་དུ་ཕྱིན་པའི་སྣང་བ་བྱུང་། དང་ཐོག་ཉིན་འདི་དག་རིང་ཚོང་ཡག་པོ་ཡོད་པས་བྲིན་ཟིན་པ་རེད་བསམས་ནས་དོ་སྣང་ཆེན་པོ་བྱས་མེད། ཡིན་ཡང་དེ་རིང་ཞིབ་བསྡུར་བྱས་པས་སྒོར་18600རི་བའི་རྒྱན་ཤོག་སྦབ་ཆ་31བརླགས་པ་གཞི་ནས་ཤེས་བྱུངཞེས་ཟླ་2ཚེས་22ཉིན་གྱི་སྔ་དྲོར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྒྱན་ཤོག་ཚོང་ཁང་ཞིག་གི་སྦྱིན་བདག་ཀྲའོ་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལ་འདི་ལྟར་ཉེན་དོན་སྙན་སེང་ཞུས་པ་རེད།  

              གནས་ཚུལ་ཞིབ་ཕྲ། 

              ཉེན་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ལྔ་པའི་མི་དམངས་ཉེན་རྟོག་པ་འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་དེ་འབྲེལ་ཡོད་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས། ཟླ་2ཚེས་17ཉིན་ནས་ཟླ་2ཚེས་21ཉིན་བར་ཉེས་གསོག་དོགས་ཅན་དངོས་ཆེ་གེ་མོ་དང་ཟླ་ཆེ་གེ་མོ་གཉིས་ཀྱིས་རྒྱན་ཤོག་ཚོང་ཁང་དུ་མི་མང་པོ་ཡོད་པས་སྦྱིན་བདག་གིས་དོ་སྣང་མེད་པའི་སྐབས་དང་བསྟུན་ཏེ་སྔ་རྗེས་སུ་ཐེངས་ལྔར་རྒྱན་ཤོག་ཀྭ་ཀྭ་ལེ་སྦབ་ཆ་31བརྐུས་པ་ཤེས་རྟོགས་བྱུང་བ་རེད། འབྲེལ་ཡོད་གནས་ཚུལ་ཁོང་དུ་ཆུད་རྗེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ལྔ་པས་འཕྲལ་མ་ཉིད་དུ་དཔལ་འབྱོར་གསར་སྤེལ་ཁུལ་སྤྱི་བདེ་ཡན་ལག་ཅུས་བདེ་འཇགས་སྲུང་སྐྱོང་རུ་འབྲིང་དང་མཉམ་དུ་ཚེས་22ཉིན་གྱི་ཆུ་ཚོད་18ཙམ་ལ་རྒྱན་ཤོག་ཚོང་ཁང་དེ་ནས་མི་དེ་གཉིས་བཟུང་པ་རེད། 

              འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་དངོས་ཆེ་གེ་མོ་དང་ཟླ་ཆེ་གེ་མོས་ཟླ་2ཚེས་17ཉིན་ནས་ཟླ་2ཚེས་21ཉིན་བར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྒྱན་ཤོག་ཚོང་ཁང་ཞིག་ནས་སྒོར་18600རི་བའི་རྒྱན་ཤོག་ཀྭ་ཀྭ་ལེ་སྦབ་ཆ་31བརྐུས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། མི་དམངས་ཉེན་རྟོག་པས་བརྟག་དཔྱད་རྒྱུས་ལོན་བྱས་པ་བརྒྱུད། རྒྱན་ཤོག་ཀྭ་ཀྭ་ལེ་སྦབ་ཆ་31ཚང་མ་ཉེས་གསོག་གི་དོགས་ཅན་དངོས་ཆེ་གེ་མོ་དང་ཟླ་ཆེ་གེ་མོས་བྲད་བྲད་བཏང་ཟིན་ཡོད་ཅིང་བྱ་དགའ་ཁྱོན་སྒོར་4000ལྷག་རག་པ་དེ་ཡང་བེད་སྤྱོད་བྱས་ཟིན་པ་རེད། 

              མིག་སྔར། ཉེས་གསོག་དོགས་ཅན་དངོས་ཆེ་གེ་མོ་དང་ཟླ་ཆེ་གེ་མོ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད། 

 

རྩོམ་སྒྲིག་པ། མང་ག་མཚོ།