ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཛུབ་ཐེལ་མནན་ན་མིང་རྟགས་བཀོད་པ་དང་གཅིག་མཚུངས་ཡིན་ནམ།

སྤེལ་དུས 2024-03-19 ཡོང་ཁུངས། མཙོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

                 གན་རྒྱའི་སྟེང་མཛུབ་ཐེལ་མནན་ན་མིང་རྟགས་བཀོད་པ་དང་གཅིག་མཚུངས་ཡིན་ནམ།

                 གྱོད་དཔེ།

                         

ལྷ་མོ་ད་ལྟ་ལོ30ཡིན་ལ། མོ་ནི་རྩིས་འཁོར་གྱི་ཆེད་ལས་སྦྱོང་མཁན་ཞིག་ཡིན། མོས་རང་རྒྱལ་གྱི་སློབ་ཆེན་གྲགས་ཅན་ཞིག་ནས་སློབ་མཐར་ཕྱིན་རྗེས་ཕྱི་རྒྱལ་གྱི་ཁེ་ལས་ཤིག་ཏུ་བྱ་བ་བསྒྲུབས་པ་དང་། དུས་རྒྱུན་ཀུང་སིའི་ནང་ཁུལ་དུ་ལས་གྲོགས་བར་མཐུན་སྒྲིལ་ཧ་ཅང་བཟང་ཞིང་། ལྷག་པར་བྱ་བ་ཧ་ཅང་ནན་ཏན་གྱིས་བསྒྲུབས་པས་མགོ་ཁྲིད་ཀྱིས་མོ་ལ་གཟེངས་བསྟོད་བྱེད་པའི་ཁར་ཟླ་རེའི་གླ་ཕོགས་སྟེང་བྱ་དགའ་འང་མི་ཉུང་བ་ཞིག་ཡོད། ཡིན་ན་ཡང་མོར་ཕ་ཡུལ་དུ་ལོ་ན་བགྲེས་པའི་ཕ་མ་གཉིས་ཡོད་པས། ཁོ་གཉིས་ལ་བདག་སྐྱོང་བྱ་དགོས་ཕྱིར་རང་ཉིད་ཀྱིས་བསགས་པའི་སྒོར་ཡོད་ཚད་འཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཀུང་སི་ཆུང་ཆུང་ཞིག་འཛུགས་རྩིས་བྱས། ཕ་ཡུལ་ཏུ་ལོག་རྗེས་ལྷ་མོས་མྱུར་དུ་འོས་འཚམ་གྱི་ཁང་པ་ཞིག་བཙལ་བར་མ་ཟད། ཁང་པ་དེའི་སྦྱིན་བདག་དང་ཁོ་གཉིས་ཀྱིས་ཁང་པ་གླས་པའི་གན་རྒྱ་ཞིག་ཀྱང་བཞག སྟབས་མ་ལེགས་པ་ཞིག་ལ་ཉིན་ཤས་སྔོན་ལ་ལྷ་མོས་ཁྱིམ་དུ་ལས་ཀ་ལས་སྐབས་ལག་པ་གཡས་པར་རྨས་སྐྱོན་བཟོས་ཡོད་པར་བརྟེན། ཡི་གེ་འབྲི་མ་ཐུབ་པར་གན་རྒྱའི་སྟེང་མཛུབ་ཐེལ་མནན་ནས་རང་ཉིད་ཀྱིས་གན་རྒྱ་བཞག་པར་མོས་མཐུན་བྱུང་བ་མཚོན་པར་བྱས།

                                                                                                       ཁྲིམས་དཔྱད།

                  ལྷ་མོས་མཛུབ་ཐེལ་མནན་པའི་བྱ་སྤྱོད་དང་མིང་རྟགས་བཀོད་པར་གཅིག་མཚུངས་ཀྱི་བཅའ་ཁྲིམས་ནུས་པ་ཐོན་ཡོད། གྱོད་དོན་འདིའི་ཁྲོད་དུ་ལྷ་མོས་གན་རྒྱའི་ནང་དོན་ལ་མོས་མཐུན་བྱུང་སྟེ་མཛུབ་ཐེལ་མནན་ནས་གན་རྒྱ་བཞག་པའི་བྱ་སྤྱོད་ནི་མོའི་བསམ་དོན་ངོ་མ་མཚོན་ཡོད།《དམངས་དོན་ཁྲིམས་གཞུང》གི་དོན་ཚན490ཡི་ཚན་པ1པོ་རུ། "དོ་བདག་པས་ཡི་གེའི་རྣམ་པས་གན་རྒྱ་བཞག་པ་ཡིན་ན། དོ་བདག་པས་མིང་རྟགས་བཀོད་པ་དང་ཐེལ་ཙེ་བརྒྱབ་པ། ཡང་ན་མཛུབ་ཐེལ་མནན་ཚེ་གན་རྒྱ་བཞག་པར་བརྩི་རྒྱུ་དང་། མིང་རྟགས་འགོད་པ་དང་ཐེལ་ཙེ་རྒྱག་པ། ཡང་ན་མཛུབ་ཐེལ་མ་བརྒྱབ་གོང་ལ། དོ་བདག་པ་ཕྱོགས་གཅིག་གིས་འོས་འགན་གཙོ་བོ་ལག་བསྟར་བྱས་པ་ཡིན་ལ། ཕྱོགས་ཅིག་ཤོས་ཀྱིས་དང་ལེན་བྱས་ཚེ་གན་རྒྱ་དེ་ཡོངས་སུ་བཞག་པར་བརྩི་རྒྱུ"ཞེས་གཏན་འཁེལ་བྱས་ཡོད། དེ་བས།གན་རྒྱའི་སྟེང་མཛུབ་ཐེལ་མནན་པའམ་མིང་རྟགས་བཀོད་པ། ཐེལ་ཙེ་བརྒྱབ་པ་གང་ཡིན་ཡང་དེ་ལ་གཅིག་མཚུངས་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པ་ཤེས་ཐུབ། གྱོད་དོན་འདིའི་ནང་དུ་ལྷ་མོས་གན་རྒྱའི་སྟེང་མཛུབ་ཐེལ་མནན་ཏེ་གན་རྒྱའི་ནང་དོན་ལ་མོས་མཐུན་བྱུང་བ་མཚོན་པར་བྱས་པ་དེ་ནི་མིང་རྟགས་བཀོད་པ་དང་གཅིག་མཚུངས་ཡིན།

 

རྩོམ་སྒྲིག་པ། མང་ག་མཚོ།