ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཆབ་མདོའི་འགོ་ཁྲིད་3གཞུང་གི་ལས་ཀ་ནས་ཕུད་པ་མ་ཟད། མི་2བཙོན་འཇུག……

སྤེལ་དུས 2024-04-09 ཡོང་ཁུངས། བཽད་ལྗོངས་ཉིན་ཚགས། རྩོམ་པ་པོ།
    དྭངས་གཙང་ཆབ་མདོའི་སྐད་འཕྲིན་སྤྱི་རྟགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་གཉེར་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ངན་པ་མུ་མཐུད་གཙང་སེལ་དང་། ཉེན་ཟོན་སློབ་གསོ་སྔར་བས་ཤུགས་ཆེར་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱ་ཆེད། ད་ལྟ་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་དཔེ་མཚོན་གྱོད་དཔེ་3བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ་ཏེ།

01 

ཀའོ་ཝུན་གཡོད། 

    ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཀའོ་ཝུན་གཡོད་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་རོགས་བྱས་ནས་དངུལ་བླངས་པ་དང་། དངུལ་གཡར་བའི་མིང་ཐོག་ནས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་ནས་ལྐོག་རྔན་བླངས་པ། ལས་གྲྭའི་རྣམ་གྲངས་འོས་སྐུལ་ལ་ཐེ་ཇུས་བྱས་པ། མི་གཞན་གཏན་འཁེལ་བྱས་ནས་རྣམ་གྲངས་འགན་གཙང་ལེན་དུ་བཅུག་པ་བཅས་ཀྱི་གནད་དོན། 2016ལོའི་ཟླ་7པ་ནས་2022ལོའི་ཟླ་7པའི་བར། ཀའོ་ཝུན་གཡོད་ཀྱིས་མཛོ་སྒང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སོགས་ཀྱི་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ལུའུ་ཆེ་གེ་མོ་དང་ལི་ཆེ་གེ་མོའི་ལག་ནས་དངུལ་སྒོར་ཁྲི་30བླངས་ཏེ། ལི་ཆེ་གེ་མོར་མཛོ་སྒང་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་གི་རྣམ་གྲངས་འགན་གཙང་ལེན་པར་རོགས་རམ་བྱས་པ་དང་། དངུལ་གཡར་བའི་མིང་ཐོག་ནས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་9ཡི་ས་ནས་ལྐོག་རྔན་སྒོར་ཁྲི་109བླངས་པ། ལས་གྲྭའི་རྣམ་གྲངས་འོས་སྐུལ་ལ་ཐེ་ཇུས་བྱས་ཏེ། ཧྥན་ཆེ་གེ་མོར་མཛོ་སྒང་རྫོང་ཕུ་རོང་གྲོང་ཚོའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད། དེར་བརྟེན། 2023ལོའི་ཟླ་8པར། ཀའོ་ཝུན་གཡོད་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་ཀ་ནས་ཕྱིར་འབུད་བྱས་པ་དང་། ཁོ་པའི་ཉེས་གསོག་ཀྱི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་རྒྱུར་རྩིས་སྤྲད་པ་རེད།

02 

ཀྲུང་མིང་ལེའང་། 


    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་དང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཀྲུང་མིང་ལེའང་གིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རྒྱལ་ཁབ་ཀྱི་མ་དངུལ་ཧམ་ཟ་བྱས་པ་དང་། འོས་སྐུལ་འོས་དཔོད་ལ་ཁྲིམས་འགལ་ངང་ཐེ་ཇུས་བྱས་ནས་མི་གཞན་ལ་ཁེ་ཕན་སྤྲད་པ། ཁྲིམས་འགལ་ངང་གཞན་གྱི་ལག་ནས་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་ཀྱི་གནད་དོན། 2016ལོ་ནས་2021ལོའི་བར། ཀྲུང་མིང་ལེའང་གིས་གོ་གནས་ཀྱི་སྟབས་བདེའམ་ཡང་ན་འགན་དབང་དང་གནས་བབ་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་ལྐོག་ཇུས་བཤམས་ཏེ། སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་ཧོའུ་ཆེ་གེ་མོར་ཨར་སྐྲུན་ཐོབ་ཐང་གཡར་བ་དང་རྣམ་གྲངས་ཀྱི་དཔྱད་གཞི་རྫུན་མ་བཟོ་བ་སོགས་བྱེད་དུ་བཅུག་ནས། སྨར་ཁམས་རྫོང་ནོར་གནས་ཤང་ནོར་གནས་གྲོང་ཚོའི་གུད་གསབ་ལས་སྤྲོད་ཀྱི་ཟམ་པའི་རྣམ་གྲངས་ནས་མ་དངུལ་སྒོར་ཁྲི་78ཧམ་ཟ་བྱས་པ་དང་། ཀྲང་ཆེ་གེ་མོར་ལས་གྲྭའི་རྣམ་གྲངས་ཀྱི་མ་དངུལ་སྤྲོད་པ་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་དོན་ཐད་རོགས་རམ་བྱས་པ་དང་། དེ་རྗེས་ཀྲང་ཆེ་གེ་མོས་འོས་ཐོབ་བྱུང་བའི་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་དབྲ་པ་གྲོང་ཚོའི་གཞུང་ལམ་རྣམ་གྲངས་ཀྱི་ལམ་དུམ་དེ་རང་ཉིད་ཀྱི་གཉེན་ཉེར་རྩིས་སྤྲད་པ་རེད། ཧྲི་ཆེ་གེ་མོ་དང་། ཡའོ་ཆེ་གེ་མོ། ལི་ཆེ་གེ་མོ་སོགས་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་དང་། མིང་རྟགས་བཀོད་དེ་མ་དངུལ་སྤྲོད་པ། ལས་གྲྭ་ལས་མཇུག་འགྲིལ་རྗེས་ཞིབ་བཤེར་རྩིས་ལེན་བྱེད་པ་སོགས་ཀྱི་ཐད་རོགས་རམ་བྱས་ཏེ། ཁྲིམས་འགལ་ངང་གོང་གསལ་མི་སྣ་དེ་དག་གིས་སྤྲད་པའི་དངུལ་སྒོར་ཁྲི་183(དེའི་ནང་ལྐོག་རྔན་སྒོར་ཁྲི་63བླངས་པ་ཚུད་ཡོདབླངས་པ་རེད། དེ་དང་ཆབས་ཅིག ཀྲུང་མིང་ལེའང་ལ་ད་དུང་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་ལ་རྣམ་གྲངས་ཀྱི་གསང་བ་ཕྱིར་གྱར་པ་དང་འོས་སྐུལ་ཚབ་སྒྲུབ་སྒྲིག་གཞིར་འོས་སྐུལ་ཐོབ་མཁན་གཏན་འཁེལ་བྱས་པའི་གནད་དོན་ལྡན་ཡོད་པ་རེད། དེར་བརྟེན། 2023ལོའི་ཟླ་7པར། ཀྲུང་མིང་ལེའང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་ཀ་ནས་ཕྱིར་འབུད་བྱས་པ་དང་། 2024ལོའི་ཟླ་དང་པོར། ལྐོག་ཟ་དང་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པའི་མིང་ཐོག་ནས་ཀྲུང་མིང་ལེའང་དུས་བཀག་བཙོན་འཇུག་ལོ་5དང་ཟླ་4བྱེད་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད་དངུལ་ཆད་སྒོར་ཁྲི་30བཅད་པ་རེད། 

03 

ཚེ་དབང་བསོད་ནམས།

    ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཚེ་དབང་བསོད་ནམས་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ལས་གྲྭའི་འོས་སྐུལ་འོས་དཔོད་དང་ལས་གྲྭ་འཛུགས་སྐྲུན་ཐད་གཞན་ལ་ཁེ་ཕན་སྤྲད་པ་དང་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པའི་གནད་དོན། 2016ལོ་ནས་2020ལོའི་བར། ཚེ་དབང་བསོད་ནམས་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ཁྲིམས་འགལ་ངང་ལི་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་སོགས་མི་གསུམ་གྱིས་སྤྲད་པའི་དངུལ་སྨར་སྒོར་ཁྲི་133དང་ཐ་མག་སོགས་བླངས་ནས། གོང་གསལ་མི་གསུམ་པོར་འོས་སྐུལ་ཚབ་སྒྲུབ་རྣམ་གྲངས་འོས་སྦྱོར་དང་། ལས་གྲྭའི་རྣམ་གྲངས་ཀྱི་གན་རྒྱ་འཇོག་པ། རྣམ་གྲངས་ཀྱི་མ་དངུལ་སྤྲོད་པ་སོགས་ཀྱི་ཐད་རོགས་རམ་བྱས་པ་རེད། དེ་དང་ཆབས་ཅིག ཚེ་དབང་བསོད་ནམས་ཀྱིས་ད་དུང་དུས་ཡུན་རིང་པོའི་ནང་སྒྲིག་འགལ་ངང་དོ་དམ་དང་ཞབས་འདེགས་ཞུ་ཡུལ་ནས་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། གཞན་གྱིས་བཤམས་པའི་སྟོན་མོ་དང་ཡུལ་སྐོར་སོགས་མང་པོ་དང་ལེན་བྱས་ཡོད་པ་རེད། དེར་བརྟེན། 2022ལོའི་ཟླ་3པར། ཚེ་དབང་བསོད་ནམས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་ཀ་ནས་ཕྱིར་འབུད་བྱས་པ་དང་། 2022ལོའི་ཟླ་6པར། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་མིང་ཐོག་ནས་ཚེ་དབང་བསོད་ནམས་དུས་བཀག་བཙོན་འཇུག་ལོ་3དང་ཟླ་3བྱེད་རྒྱུའི་ཁྲིམས་ཐག་བཅད་པ་རེད།
 
རྩོམ་སྒྲིག་པ། མང་ག་མཚོ།