ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཆོད་རྟེན་སྔོག་མཁན་ཞིག་བཟུང་འདུག

སྤེལ་དུས 2024-04-09 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       ཟླ་3ཚེས་19ཉིན་གྱི་ཆུ་ཚོད་10པ་ཙམ་ལ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་མངགས་གཏོང་ཁང་ལ་ཟླ་3ཚེས་18ཉིན་གྱི་དགོང་མོ་ནས་ཚེས་19ཉིན་གྱི་ཆུ་ཚོད་10པ་ཙམ་ལ་ང་ཚོའི་གྲོང་ཚོའི་ནང་གི་མཆོད་རྟེན་གཉིས་བསྔོགས་ནས་རིག་དངོས་བརྐུས་འདུག་པས། བརྟག་དཔྱད་བྱེད་པར་ཕེབས་རོགས་ཞེས་ཁོངས་གཏོགས་ཁུལ་མང་ཚོགས་ཀྱི་གྱོད་དོན་སྙན་སེང་འབྱོར། སྙན་སེང་འབྱོར་རྗེས་ཁྲ་མོ་གླིང་མངགས་གཏོང་ཁང་གི་ཉེན་རྟོག་པ་དེ་མ་ཉིད་དུ་གནས་ཚུལ་ཐོན་ཡུལ་དུ་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ལ་སྙན་སེང་འབྱོར་སྐབས་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། ཉེས་དོན་མྱུལ་ཞིབ་ཉེན་རྟོག་པ་གནས་ཚུལ་ཐོན་ཡུལ་དུ་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བཏང་བ་རེད།
       བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་འབྲུག་ལྗང་དང་། ལུང་བཟང་། ཀང་གེ་བཅས་གྲོང་ཚོ་གསུམ་ལ་དུས་ཚོད་འདྲ་པོ་གཅིག་གི་ནང་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་གནས་ཚུལ་ཐོན་ཡོད་ཅིང་། ཁྱོན་མཆོད་རྟེན་7བསྔོགས་ཡོད་པ་དང་མཆོད་རྟེན་2ལ་བསྔོགས་ཤུལ་བསྡད་ཡོད་པ་རེད། ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྩད་ཞིབ་བྱས་པ་བརྒྱུད། གྲོང་ཚོ་གསུམ་པོའི་མཆོད་རྟེན་སྔོག་མཁན་དོགས་ཡོད་ཉེས་ཅན་པ་གཅིག་པ་ཡིན་སྲིད་པ་བརྡར་ཤ་རགས་ཙམ་བཅད་པ་དང་། དེ་རྗེས་ཉེན་རྟོག་པས་རྩད་གཅོད་མཐིལ་རྟོགས་བྱེད་རྒྱ་ཆེ་རུ་བཏང་བ་བརྒྱུད། མཐར་དོགས་གཞི་ཡོད་པའི་རླངས་འཁོར་གཅིག་དང་མི་གཅིག་གཏན་འཁེལ་བ་མ་ཟད། ཟླ་3ཚེས་27ཉིན་གྱི་དགོང་མོའི་ཆུ་ཚོད་11ཙམ་ལ་རི་བོ་ཆེ་རྫོང་གི་ཇ་ཁང་ཞིག་ནས་དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོ་བཟུང་བ་རེད།
      
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོས་མཆོད་རྟེན་བསྔོགས་ནས་རིག་དངོས་བརྐུས་པའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། ཉེན་རྟོག་པས་ཁུངས་སྣེར་གཞིགས་ནས་རྐུ་ཤོར་བའི་སྐུ་འདྲ་གསུམ་དང་། བཀྲ་ཤིས་རྟགས་བརྒྱད་བྲིས་པའི་དཀར་ཡོལ་གཉིས། དངུལ་ཕོར་གཅིག མཆོད་ཀོང་གཅིག མཆོད་ཏིང་གཅིག གཡུ་གཅིག མཆོད་པ་འབུལ་བྱེད་ཀྱི་ཕོར་པའི་ཁེབས་གཅོད་གཅིག་བཅས་འདེད་ལེན་ཐུབ་པ་དང་། གྱོད་འབྲེལ་གྱི་རླངས་འཁོར་གཅིག་བཙན་ཉར་བྱས་པ་རེད།

མིག་སྔར་དོགས་ཡོད་ཉེས་ཅན་ཐར་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
 
རྩོམ་སྒྲིག་པ། མང་ག་མཚོ།