ཉེ་ཆར། གཞིས་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་ར་བཟི་ནས་རླངས་འཁོར་གཏོང་མཁན་གྱི་སྐྱེས་པ་ཞིག་བཟུང་བ་རེད།
2025ལོའི་ཟླ་1ཚེས་17ཉིན་གྱི་ཆུ་ཚོད་9དང་སྐར་མ་46ཙམ་ལ། དཔལ་ཆེ་གེ་མོས་འཁོར་རྟགས་བོད་A****6ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་བཏང་སྟེ་རྒྱལ་ལམ་349ཡི་བཞད་མཐོང་སྨོན་རྫོང་ཁོངས་ཀྱི་སྤྱི་ལེ་1522དང་སྨི་300ཡི་མཚམས་སུ་སླེབས་སྐབས། རྒྱུན་གཏན་གྱི་ལས་སྒྲུབ་བྱེད་བཞིན་པའི་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་འཕྲད་ཅིང་།ཉེན་རྟོག་པས་དཔལ་ཆེ་གེ་མོའི་རླངས་འཁོར་བཀག་ནས་ཞིབ་བཤེར་བྱེད་སྐབས་ཆང་དྲི་ངར་པོ་ཞིག་འཐུལ་ཡོང་བས། ཁོ་པར་ཨ་རག་ཉིང་ཁུའི་འདུས་ཚད་ཞིབ་དཔྱད་ཚད་ལེན་བྱས་པར་134mg/100mlཟིན་ཞིང་། དེ་རྗེས་ཁྲག་ལ་བརྟག་དཔྱད་བྱས་པར་ཨ་རག་ཉིང་ཁུའི་འདུས་ཚད་116.94mg/100mlཟིན་པས་ར་བཟི་འཁོར་གཏོང་གི་ཚད་ལ་སླེབས་ཡོད་པ་རེད།
ཧང་སངས་དགོས་པ་ཞིག་ལ། 2019ལོར་དཔལ་ཆེ་གེ་མོས་ར་བཟི་ནས་རླངས་འཁོར་བཏང་བས་སྤྱི་བདེ་ལས་ཁུངས་ཀྱིས་ཁ་ལོ་བའི་ལག་ཁྱེར་ཕྲོགས་པ་མ་ཟད། ལོ་5ཡི་ནང་ལག་ཁྱེར་ལེན་མི་ཆོག་པའི་ཆད་པ་བཅད་མྱོང་ཡོད་པ་རེད། 2024ལོའི་ཟླ་11པར་དུས་ཚད་ཐིམས་པས་དཔལ་ཆེ་གེ་མོས་ཡང་བསྐྱར་ཁ་ལོ་བའི་ལག་ཁྱེར་བླངས་པ་རེད། འོན་ཀྱང་ཟླ་བ་གཉིས་ཙམ་ལས་སོང་མེད་རུང་ཁོ་པས་ཡང་ར་བཟི་ནས་རླངས་འཁོར་བཏང་བས་མི་དམངས་ཉེན་རྟོག་པའི་ལག་ཏུ་ཐེབས་ཤིང་། དེས་ན་ཉེན་རྟོག་པས་ཁྲིམས་ལྟར་ཁ་ལོ་བའི་ལག་ཁྱེར་ཕྲོགས་པ(ལོ་5ཡི་ནང་ལག་ཁྱེར་ལེན་མི་ཆོག་པ)མ་ཟད་བཀག་ཉར་བྱས་པ་དང་། དངུལ་ཆད་སྒོར་1900བཏང་བ་རེད།