ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཕ་རྒན་འདོར་སྐྱུར་བྱས་ན་བུ་ལ་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད་དམ།

སྤེལ་དུས 2024-03-07 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

བློ་མཐུན་རྩོམ་སྒྲིག་པ་ལགས།

         ང་དང་ཨ་ཕ་དཔལ་འབྱོར་གཉིས་ཀྱིས་སིལ་ཏོག་འདེབས་འཛུགས་ར་བ་ཞིག་གཉེར་ཡོད་ཅིང་། ངེད་ཕ་བུ་གཉིས་ཀྱིས་སིལ་ཏོག་ཕྱིར་འཚོང་བྱས་པའི་ཡོང་འབབ་ཉུང་ངུར་བརྟེན་ནས་འཚོ་བ་ངན་ངོན་ཙམ་སྐྱེལ་བཞིན་ཡོད། ན་ནིང་ཨ་ཕས་ང་ཁྲིད་དེ་རྫོང་ཐོག་ལ་སིལ་ཏོག་འཚོང་དུ་འགྲོ་བའི་ལམ་བར་དུ་རླངས་འཁོར་དོན་རྐྱེན་བྱུང་སྟེ། ཨ་ཕའི་ཁོག་སྨད་ཞ་བོར་གྱུར་ནས་ཚེ་མཇུག་ཉལ་སའི་ནང་དུ་མི་སྐྱེལ་ཀ་མེད་བྱུང་། ཡིན་ན་ཡང་ངས་ད་རག་བར་དུ་ཁྱིམ་ལས་དང་སིལ་ཏོག་འཚོང་ཞོར་ཨ་ཕར་བདག་སྐྱོང་གང་ལེགས་བྱས་པ་ཡིན་མོད། འོན་ཀྱང་མི་དྲག་ནད་པ་ཤི་ན་དགའ་ཟེར་བའི་དཔེ་བཞིན་ངས་ཨ་ཕར་ཉིན་ནས་ཟླ་དང་། ཟླ་ནས་ལོར་བདག་སྐྱོང་བྱས་པར་རིམ་བཞིན་སུན་སྣང་སྐྱེས་ནས་ཁོ་བསྐྱུར་ཏེ་རྫོང་ཐོག་ཏུ་ཞོར་ལས་བཙལ་དུ་སོང་། ཕྱིས་སུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ཨ་ཕར་བདག་སྐྱོང་བྱེད་པའི་མི་ཞིག་བཀོད་སྒྲིག་བྱས། ལོ3འགོར་རྗེས། ཨ་ཕའི་ལུས་ཕུང་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་བས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་ང་ལ་འབྲེལ་བ་བྱས་ནས། ཁྱོད་ཀྱི་ཨ་ཕ་ཁ་སང་དེ་རིང་གི་མི་ཡིན་པས་ཡུལ་ལ་ཡོང་དགོས་ཟེར། དེར་བརྟེན། ངའང་རྫོང་ནས་བྲེལ་འཚུབ་སྒོས་ལམ་ལ་ཆས་ཏེ་ཁྱིམ་དུ་ཐོན་རྗེས། ཉལ་སར་ལྷུང་ནས་ཡུན་རིང་འགོར་བའི་ཨ་ཕ་མཐོང་མ་ཐག་ཡིད་སེམས་སྐྱོ་བས་མནར་ཞིང་འགྱོད་གདུང་དྲག་པོས་ཁེངས་ཏེ། མི་ཚེ་རྫོགས་ལ་ཉེ་བའི་ཨ་ཕར་བདག་སྐྱོང་བཟང་པོ་བྱ་རྒྱུའི་སེམས་ཐག་བཅད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངའི་འདི་ལྟ་བུའི་བྱ་སྤྱོད་ཡོད་ན་ཨ་ཕའི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་མེད་པར་འགྲོ་བ་ཡིན་ནམ།

བློ་མཐུན་ཀུན་དགའ་ལགས།

        རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1125པའི་ཚན་པ1པོའི་གཏན་འཁེལ་ལྟར་ན། “གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཤུལ་འཛིན་བྱེད་དབང་ཤོར་བ་ཡིན།
(གཅིག)ཤེས་བཞིན་དུ་ཤུལ་འཇོག་མཁན་བསད་པ།
(གཉིས)ཤུལ་བཞག་རྒྱུ་དངོས་འཕྲོག་ལེན་བྱ་ཆེད་ཤུལ་འཛིན་པ་གཞན་བསད་པ།
(གསུམ)ཤུལ་འཇོག་མཁན་བསྐྱུར་བའམ་མནར་གཅོད་བཏང་བའི་གནས་ཚུལ་ཚབས་ཆེན་ཡིན་པ།
(བཞི)ཁ་ཆེམས་རྫུན་བཟོ་དང་གཡོ་བཅོས། སྦས་སྐུང་ངམ་མེད་པར་གཏོང་བ་བཅས་ཀྱི་གནས་ཚུལ་ཚབས་ཆེན་ཡིན་པ།
(ལྔ)མགོ་སྐོར་དང་བཙན་ཤེད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཤུལ་འཛིན་བྱ་ཡུལ་གྱིས་ཁ་ཆེམས་འཇོག་པ་དང་། བསྒྱུར་བཅོས་སམ་ཕྱིར་འཐེན་བྱེད་པར་འགོག་རྐྱེན་བཟོ་བའི་གནས་ཚུལ་ཚབས་ཆེན་ཡིན་པ།
ཤུལ་འཛིན་མཁན་ལ་གོང་གི་ཚན་པ3པ་ནས5པའི་བར་གྱི་བྱ་སྤྱོད་ཡོད་དེ་དངོས་གནས་འགྱོད་བཤགས་རྣམ་འགྱུར་ཡོད་ན། ཤུལ་འཇོག་མཁན་གྱིས་གུ་ཡངས་གཏོང་བའམ་ཁ་ཆེམས་བཞག་རྗེས་ཤུལ་འཛིན་པའི་དབང་ཆ་མི་ཤོར། ཁ་ཆེམས་འབུལ་རྟེན་དང་ལེན་མཁན་ལ་དོན་ཚན་འདིའི་ཚན་པ1པོའི་ནང་གཏན་འཁེལ་བྱས་པའི་བྱ་སྤྱོད་ཡོད་ཚེ་ཤུལ་དངོས་ལེན་དབང་ཤོར་བ་ཡིན”ཞེས་བཀོད་ཡོད། ཡང་ཅིག་བཤད་ན།

        གལ་ཏེ་ཤུལ་འཛིན་མཁན་གྱིས་ཤུལ་འཇོག་མཁན་འདོར་སྐྱུར་བྱས་ཚེ།ཤུལ་འཛིན་མཁན་གྱི་ཤུལ་འཛིན་བྱེད་དབང་མེད་པར་འགྲོ་བ་ཡིན།《དམངས་དོན་ཁྲིམས་གཞུང》གིས་དོན་ཚན་འདི་འདྲ་ཞིག་གཏན་འཁེལ་བྱེད་དོན་ནི། ཤུལ་འཛིན་མཁན་གྱིས་ཤུལ་འཇོག་མཁན་གྱི་ཤུལ་ནོར་ཐོབ་ཆེད་ཞབས་ཏོག་བསྒྲུབ་པའི་འོས་འགན་ལ་གཡོལ་བར་སྔོན་འགོག་བྱ་ཆེད་ཡིན། ཡིན་ན་ཡང་ཤུལ་འཇོག་མཁན་འདོར་སྐྱུར་བྱས་པའི་གནས་ཚུལ་འོག་ཤུལ་འཛིན་མཁན་གྱི་ཤུལ་འཛིན་བྱེད་དབང་མེད་པར་འགྲོ་བ་མ་ཡིན་ཞིང་།ཡང་རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1125པའི་ཚན་པ2པའི་གཏན་འཁེལ་ལྟར་ན། “ཤུལ་འཛིན་མཁན་ལ་གོང་གི་ཚན་པ3པ་ནས5པའི་བར་གྱི་བྱ་སྤྱོད་ཡོད་དེ་དངོས་གནས་འགྱོད་བཤགས་རྣམ་འགྱུར་ཡོད་ན། ཤུལ་འཇོག་མཁན་གྱིས་གུ་ཡངས་གཏོང་བའམ་ཁ་ཆེམས་བཞག་རྗེས་ཤུལ་འཛིན་པའི་དབང་ཆ་མི་ཤོར”ཞེས་བཀོད་ཡོད། དེར་བརྟེན།

        གལ་ཏེ་ཤུལ་འཛིན་མཁན་ལ་དངོས་གནས་འགྱོད་བཤགས་བྱེད་པའི་རྣམ་འགྱུར་ལྡན་པར་མ་ཟད། ཤུལ་འཇོག་མཁན་གྱིས་གུ་ཡངས་ཀྱང་ཐོབ་ཡོད་ཚེ། ཤུལ་འཛིན་མཁན་ལ་སྔར་བཞིན་ཤུལ་འཛིན་བྱེད་དབང་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ཀྱིས་ཕ་རྒན་འདོར་སྐྱུར་བྱས་པ་ཡིས་ཤུལ་འཛིན་བྱེད་དབང་མེད་པར་གྱུར་བ་ཡིན་མོད། འོན་ཀྱང་ཕྱིས་སུ་འགྱོད་བཤགས་བྱས་ཤིང་། གལ་ཏེ་ཕ་རྒན་གྱི་གུ་ཡངས་ཐོབ་པའམ་ཁ་ཆེམས་ཁྲོད་དུ་ཁྱོད་ཤུལ་འཛིན་མཁན་དུ་བཞག་ཡོད་ན། ཁྱོད་ཀྱི་ཤུལ་འཛིན་བྱེད་དབང་མེད་པར་མི་འགྲོ་ཞིང་སྔར་བཞིན་ཕ་རྒན་གྱི་ཤུལ་ནོར་ཤུལ་འཛིན་བྱས་ཆོག

རྩོམ་སྒྲིག་པ། མང་ག་མཚོ།