ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

དྲན་པ་ཉམས་པའི་ནད་བྱུང་ཡོད་མཁན་གྱིས་ཁ་ཆེམས་བཞག་ཆོག་གམ།

སྤེལ་དུས 2024-03-07 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ལ་བུ་གསུམ་ཡོད་དེ། ཁོ་ཚོ་སློབ་ཆེན་མཐར་ཕྱིན་རྗེས་བྱ་བའི་དགོས་དབང་གིས་གྲོང་ཁྱེར་དུ་མི་འདུག་ཀ་མེད་བྱུང་། དེར་བརྟེན། ངེད་བཟའ་ཟླ་གཉིས་ཀྱིས་ལོ་གང་མང་ཞིག་ལ་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་ནས་ཡོང་བ་ཡིན། ན་ནིང་ལོར་ངའི་བཟའ་ཟླར་གློ་བུར་དུ་ནད་ཅིག་བྱུང་སྟེ་ཚེ་ལས་འདས་ཤིང་། དེ་ནས་བཟུང་ངའི་སེམས་ལ་སྐྱོ་བའི་མུན་པ་འཐིབས་ཏེ། སྐབས་ལན་རེར་སུན་སྣང་གིས་ཁེངས་པ་མིན་ན་སེམས་སྡུག་གིས་མནར་ཏེ་ཟ་མའི་ཡི་གའང་ཆད་འགྲོ་གཤིས། རྟག་ཏུ་དོན་དག་ཅིག་བསྒྲུབ་རྒྱུའི་གྲ་སྒྲིག་ཡོངས་སུ་ཚགས་ཏེ་མགོ་རྩོམ་ལ་ཉེ་སྐབས། དེར་སྤྲོ་བ་མེད་པར་གྱུར་ནས་སེམས་ཁམས་ལྗིད་ཏིག་གེར་ལོག་སྟབས། གྲོགས་པོ་དང་སྤུན་ཟླ་གང་མང་ཞིག་གིས་ཁ་ཏ་བྱས་ཐོག་སྨན་ཁང་དུ་སོང་ནས་བརྟག་དཔྱད་ཅིག་བྱས་པ་ན། དྲན་པ་ཉམས་པའི་ནད་ཡང་མོ་བྱུང་ཡོད་པ་གཏན་འཁེལ་བྱས། སྨན་པས་ང་ལ་ད་ལྟ་ནད་ཀྱི་གནས་ཚུལ་ཡང་མོ་ཡིན་རུང་དུས་ལྟར་སྨན་བཅོས་མ་བྱས་ན། ཕྱིས་སུ་ནད་ཇེ་ལྕི་རུ་སོང་ན་རང་ཉིད་ཀྱི་བྱ་སྤྱོད་ཀྱང་ངོས་མི་ཟིན་པའི་ཚད་དུ་ལྷུང་ངེས་ཟེར། དེ་བས་ངས་རང་ཉིད་ཀྱི་དྲན་པ་གསལ་པོ་ཡིན་པའི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་ཁ་ཆེམས་འཇོག་འདོད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་དྲན་པ་ཉམས་པའི་ནད་ཡང་མོ་བྱུང་མཁན་གྱིས་ཁ་ཆེམས་བཞག་ཆོག་གམ།

ཞེས་ཀུན་བཟང་གིས།

བློ་མཐུན་ཀུན་བཟང་ལགས།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1143པའི་ཚན་པ1པོའི་གཏན་འཁེལ་ལྟར་ན། “དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚད་བཀག་ཡོད་པའི་མིས་བཞག་པའི་ཁ་ཆེམས་ནུས་མེད་ཡིན”ཞེས་བཀོད་ཡོད། གཞན་ཡང་།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང)གི་ཤུལ་འཛིན་སྐོར་གྱི་འགྲེལ་བཤད(དང་པོ)》ཀྱི་དོན་ཚན28པར་བྱེ་བྲག་སྒོས་འགྲེལ་བཤད་བྱས་ཡོད་པ་ལྟར་ན། “ཁ་ཆེམས་འཇོག་མཁན་ནི་ཁ་ཆེམས་འཇོག་སྐབས་ངེས་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཡིན་དགོས། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚད་བཀག་ཡོད་པའི་མིས་བཞག་པའི་ཁ་ཆེམས་དེ། ཁ་ཆེམས་འཇོག་མཁན་མི་རང་ཉིད་ཕྱིས་སུ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་དུ་གྱུར་རུང་། ཁ་ཆེམས་སྔར་བཞིན་ནུས་མེད་ཡིན། ཁ་ཆེམས་འཇོག་མཁན་ལ་ཁ་ཆེམས་འཇོག་དུས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་ཞིང་། ཕྱིས་སུ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚད་བཀག་ཡོད་པའི་མི་རུ་གྱུར་ཚེ། ཁ་ཆེམས་ཀྱི་ནུས་པར་ཤུགས་རྐྱེན་ཐེབས་མི་སྲིད”ཅེས་བཀོད་ཡོད། ཡང་ཅིག་བཤད་ན། གཞན་པའི་ཁ་ཆེམས་ཀྱི་ནུས་ལྡན་ཆ་རྐྱེན་དང་མི་འགལ་བའི་གནས་ཚུལ་འོག བྱ་སྤྱོད་སྤེལ་མཁན་གྱིས་བཞག་པའི་ཁ་ཆེམས་དེ་ནུས་ལྡན་ཡིན་མིན་ནི། བྱེ་བྲག་སྒོས་ཁ་ཆེམས་འཇོག་སྐབས་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཀྱི་གནས་ཚུལ་ལ་བལྟ་དགོས། ཁ་ཆེམས་འཇོག་མཁན་ནི་ཁ་ཆེམས་འཇོག་སྐབས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཡིན་ཕྱིན། ཁ་ཆེམས་དེ་ནི་ནུས་ལྡན་ཡིན།

གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ལ་དྲན་པ་ཉམས་པའི་ནད་ཡང་མོ་བྱུང་ཡོད་ནའང་། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅིང་། ཁྱོད་ཀྱིས་ཁ་ཆེམས་འཇོག་སྐབས་སྔར་བཞིན་དམངས་དོན་བྱ་སྤྱོད་སྤེལ་ཆ་ཚང་ཡོད་པའི་མི་ཡིན་པས་ཁ་ཆེམས་བཞག་ཆོག

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས། 

རྩོམ་སྒྲིག་པ། མང་ག་མཚོ།