ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

《ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》བོད་འགྱུར་མ་ལས་སྒྲུང་གཏམ་ལོ་ཙཱའི་ཐད་ཀྱི་བསམ་གཞིགས་འགའ་གླེང་བ།

སྤེལ་དུས 2022-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསོད་ནམས་སྒྲོལ་མ། པདྨ་མཚོ།
ནང་དོན་གནད་བསྡུས།
《དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》ཞེས་པ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ཀྱི་ལས་གཞི་ཞིག་ཡིན་ཅིང་། འདིར་བརྩམས་ཆོས་རྣམ་གྲངས་མི་འདྲ་བ་ཁག་ལྔ་ཡོད་པའི་ཁྲོད་ཀྱི་སྒྲུང་གཏམ་ལོ་ཙཱའི་འགྱུར་རྩོམ་དག་བཀླགས་ཏེ། མ་ཡིག་དང་འགྱུར་རྩོམ་གཉིས་ཞིབ་བསྡུར་བྱས་ནས་བསམ་གཞིགས་འགའ་ཕྱོགས་སུ་བསྡུས་ནས་བཀོད་ཡོད།
བརྡ་ཆད། སྒྲུང་གཏམ་ལོ་ཙཱ། མ་ཡིག   བསྒྱུར་རྩོམ། དབྱེ་ཞིབ། 
གླེང་གཞི།
          《ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》གཞན་འགྱུར་མ་ཞེས་པ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་བརྩམས་ཆོས་རྩེ་གྲས་དག་ཀྲུང་གོའི་གྲངས་ཉུང་མི་རིགས་ལྔའི་ཡི་གེར་བསྒྱུར་བའི་ལས་གཞི་ཞིག་ཡིན་ཅིང་། སྤྱི་ལོ(༢༠༡༢----༢༠༡༦)བར་ལོ་རེར་རྩོམ་རིག་བརྩམས་ཆོས་ཁག་ལྔ་རེ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རེ་རེར་ཁྱོན་བསྡོམས་དེབ་གྲངས༢༥ཡོད། དེའི་ཁྲོད་བོད་ཡིག་གི་ཁག་ལས་སྤྱི་ལོ༢༠༡༢ནས་སྤྱི་ལོ༢༠༡༣བར་གྱི་སྒྲུང་ཐུང་དང་སྙན་ཞུ་རྩོམ་རིག་གཉིས་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་ཁུར་ཏེ་ཡིག་བསྒྱུར་བྱས་ཤིང་། སྒྲུང་འབྲིང་དང་སྙན་རྩོམ་གཉིས་ཀ་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་ཁུར་ནས་ཡིག་བསྒྱུར་བྱས་པ་དང་། ལྷུག་རྩོམ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་ཁུར་ནས་ཡིག་བསྒྱུར་བྱས། སྤྱི་ལོ༢༠༡༤ནས་སྤྱི་ལོ༢༠༡༦བར་གྱི་རྩོམ་རིག་བརྩམས་ཆོས་ཡོངས་རྫོགས་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཡིག་བསྒྱུར་བྱས་ནས་གྲུབ་པའི་ལས་གཞི་ཡིན།
          ལས་གཞི་འདིའི་དམིགས་བྱ་གཙོ་བོ་སྤྱིར་མི་རིགས་སོ་སོ་དང་། སྒོས་སུ་བོད་དང་བཅས་པའི་ཡི་གེ་ཡོད་པའི་མི་རིགས་ལྔའི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་འཕེལ་རྒྱས་ཀྱི་ལས་དེར་ནུས་པ་རྒྱ་ཆེན་པོ་ཞིག་འདོན་ཆེད་དང་།  མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་བྱེད་པའི་ཆེད་དུ་ཡིན། 
          ལས་གཞི་འདིའི་རྩོམ་རིག་བརྩམས་ཆོས་མི་འདྲ་བ་ཁག་ལྔ་བོ་ནི། སྙན་རྩོམ་དང་།  ལྷུག་རྩོམ། སྒྲུང་ཐུང་། སྒྲུང་འབྲིང་། སྙན་ཞུའི་རྩོམ་རིག་བཅས་ཡིན་པ་ལས། འདིར་སྒྲུང་གཏམ་ལོ་ཙཱའི་སྐོར་གྱི་གནད་དོན་ལ་བསམ་གཞིགས་འགའ་བྱས་པ་རགས་ཙམ་གླེང་ན། 
དང་པོ།  མ་རྩོམ་གྱི་བརྗོད་བྱ་དང་རྩོམ་གཤིས་གདེངས་འཇོག་བྱེད་དགོས་ཚུལ་གླེང་བ།
          སྤྱིར་རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ཡང་། དེ་ནི་གཙོ་བོ་སྒྱུ་རྩལ་སྣང་བརྙན་འདྲ་མིན་གསར་བཞེངས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་དང་། དེས་སྤྱི་ཚོགས་འཚོ་བ་ངེས་ཅན་ཞིག་མཚོན་ཞིང་། རྩོམ་པ་པོའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བ་ལ་བརྟེན་ཞིང་། བརྩེ་དུང་གི་ཚོར་བར་བརྒྱུས་ནས་བྲིས་པའི་བརྩམས་ཆོས་ཤིག་ཡིན་པས། སྒྲུང་གཏམ་བསྒྱུར་བར་ཐོག་མར་མ་རྩོམ་གྱི་དོན་གྱི་བརྗོད་བྱའི་སྤྱི་ཁོག་དང་། མིང་དང་ཚིག་རེ་རེའི་དོན་ལ་གོ་བ་ཞིབ་མོ་ལེན་རྒྱུ་གལ་ཆེ། སྒྲུང་གཏམ་ནི་དོན་བརྗོད་རྩོམ་རིག་ཅིག་ཡིན་ལ། སྒྲིག་གཞིའི་གཏན་ཚིགས་རང་བཞིན་ཆེས་གལ་ཆེ་བའི་རྩོམ་ལུགས་ཤིག་ཀྱང་ཡིན། དེ་ལྟར་ཡིན་ཙ་ན། ལོ་ཙཱ་བས་མ་ཡིག་གི་བརྗོད་བྱའི་དོན་གྱི་བསྟན་དོན་བཞིན་བསྒྱུར་སྐབས། རྩོམ་པ་པོའི་རྩོམ་གཤིས་ཁྱད་པར་བ་དེ་འདོར་མི་རུང་།
          སྒྲུང་གཏམ་ནི་མི་སྣ་མི་འདྲ་བ་བཞེངས་སྐྲུན་བྱས་ཏེ། སྒྲུང་གཏམ་ནང་གི་བརྗོད་དོན་འཐུས་ཚང་དུ་གྲུབ་ཡོད་པར་མ་ཟད། མི་སྣ་མི་འདྲ་བའི་རྣམ་པ་ཞིབ་འབྲི་བྱས་པ་དེས་མི་སྣའི་རང་བཞིན་དང་ཁྱད་ཆོས་མཚོན་གྱི་ཡོད་པ་དང་། དོན་དངོས་ཞིབ་འབྲི་བྱེད་པའི་སྐབས་སུ་སྤྱི་ཚོགས་སྟེང་གི་སྣང་ཚུལ་ཁ་ཤས་ཐེར་འདོན་བྱས་ཤིང་། སྤྱི་ཚོགས་འཚོ་བའི་འགལ་ཟླ་གསལ་བོར་མངོན་པར་བྱས་ཏེ། དེས་སྤྱི་ཚོགས་འཚོ་བའི་བརྗོད་བྱ་དང་། མི་སྣ། བྱུང་རིམ་བཅས་རྒྱུ་རྐྱེན་གསུམ་གྱིས་མཚོན་པའི་སྒྲུང་རྩོམ་ཞིབ་འབྲི་བྱེད་ཅིང་། ཞིབ་འབྲིའི་ཁྲོད་རྩོམ་པ་པོས་མཛེས་ཉམས་དོད་པོའི་ངང་། སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་རྒྱན་མང་པོ་བརྩེགས་ཏེ། སྒྲུང་གཏམ་གྱི་མི་སྣའི་གཤིས་ཀ་དང་། མི་སྣའི་བརྩེ་དུང་སོགས་གཅིག་གྱུར་གྱིས་མངོན་པར་མཚོན་གྱིན་ཡོད། སྒྲུང་གཏམ་ཞིབ་འབྲི་བྱེད་སྟངས་མི་འདྲ་བས་ལོ་ཙཱའི་ཁྲོད་དཀའ་ངལ་མི་འདྲ་བར་འཕྲད་སྲིད་ཅིང་། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གང་རུང་བསྒྱུར་བའི་སྐབས་སུ་མཚོན་སྟངས་ཀྱང་མི་འདྲ་བ་འབྱུང་བས།  ལོ་ཙཱ་བས་རང་གི་བསྒྱུར་བྱའི་རྩོམ་གྱི་ནང་དོན་དེ་རྩོམ་པ་པོའི་མ་རྩོམ་གྱི་བརྗོད་དོན་དང་མ་འཛོལ་བར་བསྒྱུར་བར་ཁག་ཐེག་བྱ་དགོས། 
          དཔེར་ན། མ་རྩོམ། 作者张坑坑:《把灯光调亮》“他走到门口,回头看了看天花板,转过身,像是无心地随口说一句:书店的灯光好像暗了点,夜里来买书的人,看不清书名,你看,能不能,把灯光调亮一点?”
          འགྱུར་རྩོམ། “ཁོ་རང་སྒོ་ཁར་སླེབས་མཚམས་མགོ་དཀྱོགས་ནས་གནམ་གཅལ་ལ་ལྟ་ཙམ་བྱས་ཤིང་། ཕྱིར་འཁོར་ནས་སྣང་མེད་ཀྱི་ཚུལ་དུ་འཆད་རྒྱུར། དཔེ་ཁང་གི་གློག་བཞུ་ཅུང་ཟད་ནག་ཤོས་ཆེ་སྟབས་མཚན་མོར་དཔེ་ཆ་ཉོ་མཁན་ཚོས་དེབ་མིང་ཡང་མཐོང་དཀའ་རྒྱུ་རེད། དེ་བས་ཁྱོད་ཀྱིས་བལྟས་ཏེ་སྒྲོན་འོད་ཨེན་ཙམ་ཇེ་གསལ་དུ་གཏོང་ཐུབ་བམ་ཟེར། ”(1)ཞེས་བསྒྱུར་ཡོད།
          སྤྱིར་དུམ་ཚན་འདིའི་མ་རྩོམ་ཁྲོད། རྩོམ་པ་པོས་མི་སྣའི་སེམས་ཁམས་ཀྱི་འཆར་སྣང་ཞིབ་འབྲི་བྱས་པའི་ཚན་པ་ཞིག་ཡིན་མོད། བསྒྱུར་རྩོམ་དུ་བྱུང་རིམ་ཁྲོད་ཀྱི་མི་སྣའི་བར་གྱི་ཁ་བརྡའི་གླེང་མོལ་བྱས་པ་ལྟ་བུའི་ཚུལ་དུ་བསྒྱུར་ཡོད་པའི་རྣམ་པ་འདུག དེ་ནི་མ་རྩོམ་ཁྲོད་ཀྱི་ཡི་གེ་ཞིག་སྟེ། ‘像’(མཚུངས)ཞེས་པར་དོ་སྣང་མ་བྱས་པའི་རྐྱེན་གྱིས། མ་རྩོམ་གྱི་བརྗོད་བྱའི་ནང་དོན་ལ་ཐད་ཀར་འགྱུར་བ་བྱུང་ཡོད། དཔེར་ན། “ཕྱིར་འཁོར་ནས་སྣང་མེད་ཀྱི་ཚུལ་དུ་འཆད་པ་དང་མཚུངས་པར། དཔེ་ཁང་གི་གློག་བཞུ་ཅུང་ཟད་ནག་ཤོས་ཆེ་སྟབས་མཚན་མོ་དཔེ་ཆ་ཉོ་མཁན་ཚོས་དེབ་མིང་ཡང་མཐོང་དཀའ་རྒྱུ་རེད། དེ་བས་ཁྱོད་ཀྱིས་བལྟས་ཏེ་གློག་འོད་ཨེན་ཙམ་ཇེ་གསལ་དུ་གཏོང་ཐུབ་བམ།”ཞེས་པ་ལྟར་བསྒྱུར་ན་དོན་ལ་འགལ་ཆ་མེད་པ་ལྟ་བུའོ། །
          དེ་ལ“ལོ་ཙཱའི་གོ་རིམ་ནི་མ་ཡིག་ལ་གོ་བ་ཡང་དག་པར་ལེན་པ་དང་། གསར་གཏོད་རང་བཞིན་གྱིས་མ་ཡིག་གི་དགོངས་དོན་དེ་སྐད་ཆ་གཞན་པ་ཞིག་གིས་གསལ་པར་བརྗོད་པའི་གོ་རིམ་ཡིན། དེར་གོ་བ་ཡང་དག་པར་ལེན་པ་དང་མ་ཡིག་གི་དགོངས་དོན་འགྱུར་མ་རུ་གསལ་པོར་བརྗོད་པའི་གནད་གཉིས་འདུ་བ་ཡིན། གོ་བ་ཡང་དག་པར་ལེན་པ་ནི་དང་པོ་ཡིན་ཏེ། ”(2)ཞེས་པ་བཞིན། ལོ་ཙཱའི་བྱ་བའི་སྐབས་སུ་མིང་དང་ཚིག་རེ་རེའི་གོ་དོན་ལ་ཞིབ་ཏུ་གོ་བ་ལེན་དགོས་པ་དང་། མ་རྩོམ་གྱི་ནང་དོན་ལྟར་བསྒྱུར་དགོས་པ་ནི་རྩ་བའི་བླང་བྱ་ཡིན་པ་གོ་ཐུབ། “མ་ཡིག་གི་ནང་དོན་དང་མི་འགལ་བ། སྒྱུར་བྱེད་ཡིག་རིགས་ཀྱི་བརྗོད་ལུགས་དང་མཐུན་པར་ཁ་གསལ་བ་དང་། ཚིག་སྦྱོར་སྙན་པ་བཅས་ནི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་ལོ་ཙཱའི་ཚད་གཞི་རུ་འཛིན་བཞིན་ཡོད” (3)ཅེས་ལོ་ཙཱའི་བྱ་བ་ནི་མིང་དང་ཚིག་རེ་རེའི་དོན་དང་། བརྗོད་བྱ་སྤྱིའི་དོན་ལ་གོ་བ་ཡང་དག་ཅིག་བླངས་རྗེས། སྒྱུར་བྱེད་ཀྱི་ཚིག་དེ་གཏན་ལ་འབེབས་དགོས་ཤིང་། ཞིབ་ཚགས་ཀྱིས་དོན་དུ་གཉེར་དགོས་པའི་བླང་བྱ་བཏོན་ཡོད་པ་གསལ།གཞན་སྒྲུང་གཏམ་ལོ་ཙཱའི་བྱ་བར་ཉམས་མྱོང་དང་རྒྱུས་ཡོད་པ་ཞིག་ཡིན་ཕྱིན། ལོ་ཙཱའི་བྱ་བའི་གོ་རིམ་ཁྲོད་མ་རྩོམ་གྱི་འགྲོས་ལ་དོ་སྣང་གལ་ཆེན་བྱེད་ཅིང་ ། མ་རྩོམ་གང་གི་བརྗོད་བྱའི་ནང་དོན་ཇི་བཞིན་གོ་བ་ལངས་ནས་བརྗོད་བྱའི་བསྟན་དོན་བཞིན་བསྒྱུར་ཡོད་པ་མ་ཟད། རྗོད་བྱེད་ཀྱི་ཆ་ནས་མ་རྩོམ་གྱི་རྩོམ་གཤིས་དང་བསྟུན་ཅི་ཐུབ་བྱས་འདུག དེ་འདྲའི་དོ་སྣང་བྱེད་དོན་གང་ཡིན་སྙམ་ན།  འགྲོས་ཞེས་པ་ནི་རྩོམ་ལུས་ཡོངས་སུ་ཁྱབ་ཡོད་པ་ཞིག་དང་། དཔེར་ན་མི་སྒེར་ཚུགས་ཅན་ཞིག་གི་རང་གཤིས་ལྟ་བུ་རེད། རང་གཤིས་དེ་ནི་རུས་རྐང་ལ་ཟུག་ཡོད་པའི་ཉམས་འགྱུར་ཡང་ཡིན། རྩོམ་རིག་བརྩམས་ཆོས་ཀྱི་གཤིས་ལུགས་དེ་ནི་རྩོམ་ལུས་ཡོངས་སུ་ཐིམ་ཡོད་པས། འདི་ནི་གཤིས་ལུགས་རྐྱང་རྐྱང་ངོ་ཞེས་དམིགས་སུ་བགར་ནས་སྟོན་དུ་མེད་པར། མ་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་ཡོངས་སུ་རྩོམ་པ་པོ་རང་གི་ཐུན་མོང་མ་ཡིན་པའི་རྩོམ་ལུགས་ཀྱིས་ཁྱབ་ཡོད་པས། འགྲོས་ཞེས་པ་ཞིབ་ཕྲའི་ཆ་ནས་རྩོམ་ཉམས་དང་མ་རྩོམ་གྱི་རྩོམ་གཤིས་གང་གི་ཆ་ལ་འདྲེས་ནས་ཡོད་པ་ངང་གིས་རྟོགས་ཐུབ་བོ། །
གཉིས་པ། ཡུལ་ལྗོངས་ཞིབ་འབྲིའི་ལོ་ཙཱ་བྱེད་སྟངས་གླེང་བ།
          རྒྱལ་ཁབ་གང་དང་གང་ཞིག་དང་། ཡང་ན་མི་རིགས་གང་དང་གང་གི་སྐད་ཆའི་བརྩམས་ཆོས་རྣམས་ལ་རང་རང་གི་སྐད་ཆ་ལ་བཟོ་ལྟ་མི་འདྲ་བའི་ཁྱད་ཆོས་རེ་ཡོད་ཅིང་། ཁྱད་ཆོས་དེ་ལ་སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག་གི་ཁྱད་ཆོས་ཡོད། སྒྲ་ཡངས་འཇུག་གི་སྐད་ཆའི་ཁྱད་ཆོས་ནི་སྤྱིར་བཏང་རྩོམ་པ་པོ་རང་ཉིད་འཚོ་སའི་ཁོར་ཡུག་གི་མི་རིགས་སྤྱིས་སྐད་ཆར་མངོན་པའི་སྐད་ཆའི་ཉམས་འགྱུར་གྱི་ཁྱད་ཆོས་དེ་ཡིན་ཞིང་། སྒྲ་དོག་འཇུག་གི་སྐད་ཆའི་ཁྱད་ཆོས་ནི་རྩོམ་པ་པོ་སོ་སོའི་བློ་ཁར་ཕྱོགས་པའི་སྐད་ཆ་བརྗོད་སྟངས་ཀྱི་ཁྱད་ཆོས་དེ་ཡིན། དེ་བཞིན་དུ་ལྷུག་བརྗོད་རང་བཞིན་ཅན་གྱི་ལྷུག་རྩོམ་གྱི་མི་སྣ་ཞིབ་འབྲི་དང་། དོན་བརྗོད་རང་བཞིན་ཅན་གྱི་སྒྲུང་གཏམ་གྱི་མི་སྣ་ཞིབ་འབྲི་བྱེད་ཚུལ། མི་སྣ་ཕན་ཚུན་བར་གྱི་ཁ་བརྡ་ཞིབ་འབྲི་བྱེད་སྟངས་སོགས་ཀྱི་ཁྱད་ཆོས་ཀྱང་མི་འདྲ་བས། ལོ་ཙཱ་བས་སྐད་ཆའི་སྦྱོར་བའང་མི་འདྲ་བ་སྤྱོད་དགོས།
          དེ་ལ་ལོ་ཙཱ་བ་ཚད་དང་ལྡན་པ་ཞིག་གིས་བསྒྱུར་བྱའི་སྒྲུང་གཏམ་གང་ཡིན་པ་དེ་མ་བསྒྱུར་བའི་སྔོན་ལ་གྲ་སྒྲིག་འཐུས་ཚང་ཞིག་བྱ་ངེས་ཏེ། ཐོག་མར་རྩོམ་པ་པོའི་ལོ་རྒྱུས་རྒྱབ་ལྗོངས་ལ་རྒྱུས་ལོན་ལེགས་པོ་བྱས་རྗེས། ལོ་ཙཱ་བྱེད་པའི་སྐབས་སུ་རྩོམ་པ་པོའི་མི་ཚེའི་ཉམས་མྱོང་དང་འབྲེལ་ཏེ། སྒྲུང་གཏམ་ཁྲོད་དུ་རྩོམ་པ་པོས་བརྗོད་འདོད་པའི་དོན་དེར་སྔོན་དཔག་དང་རིགས་འདེད་བྱེད་སྲིད། དེ་ལྟར་བྱས་ན་སྒྲུང་གཏམ་ལོ་ཙཱ་བྱེད་པའི་ཁྲོད་དུ། ལོ་ཙཱ་བར་མ་རྩོམ་ཁྲོད་ཀྱི་མི་སྣའི་རྣམ་པའམ་ངང་ཚུལ་དེ་མིག་མཐོང་ལག་ཟིན་གྱི་ཚོར་སྣང་འབྱུང་བར་མ་ཟད། མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་ཟབ་ཞུགས་བྱེད་ནུས། ལོ་ཙཱ་བས་མ་རྩོམ་བསྒྱུར་དུས་ཚིག་གི་རྗོད་པ་ཕུན་སུམ་ཚོགས་པ་ཞིག་སྤྱད་དེ་བསྒྱུར་སྐབས། མ་རྩོམ་གྱི་ཚིག་ཉམས་ལ་འགྱུར་བ་མི་ཐེབས་པ་མི་སྲིད་ནའང་། རྩོམ་པ་པོའི་བསམ་བློའི་བརྩེ་དུང་དང་འདུ་ཤེས་དེ་ཕུན་སུམ་ཚོགས་པའི་ངང་ནས་མཚོན་པའི་ནུས་པ་འདོན་དགོས།
          དཔེར་ན། མ་རྩོམ། 作者迟子建:《空色林澡屋》“看看修养生息后的森林,野生动物是否多了,消失的溪流是否闪电一样,依然给大地撕开最美丽的裂缝。”
          འགྱུར་རྩོམ། “ནགས་དང་རི་སྐྱེས་སྲོག་ཆགས་ཇེ་མང་དུ་སོང་ཡོད་མེད་དང་། སྐམ་ཟིན་པའི་ཆུ་བོ་དག་གློག་ཞགས་བཞིན་སླར་ཡང་ས་ཆེན་ཨ་མའི་ཕང་བར་མཛེས་སྡུག་གིས་བཞུར་ཡོད་མེད་ལ་བལྟ་རུ་ཕྱིན་པ་ཡིན། ”(4)
          བསྒྱུར་རྩོམ་འདི་ལ་ཚིག་གི་ངོ་གདོང་ནས་འགྱུར་ལ་སྐྱོན་ཆེན་པོ་མེད་ཅིང་། མ་ཡིག་གི་ནང་དོན་བཞིན་བསྒྱུར་ཡོད་པའི་ཁྱད་ཆོས་ཡོད་མོད། རྩོམ་རིག་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། བསྒྱུར་རྩོམ་གྱིས་རྩོམ་པ་པོའི་སྐབས་དེའི་བརྗོད་བྱའི་དོན་གྱི་བསམ་བློའི་བརྩེ་དུང་དང་ཡིད་འགྱུར་སོགས་མ་རྩོམ་ནང་བཞིན་མཚོན་ཐུབ་མེད་པའི་རྣམ་པ་མངོན་འདུག དཔེར་ན། སྐམ་ཟིན་པའི་ཆུ་ཀླུང་དེར་ཡང་བསྐྱར་གསོན་ཤུགས་རྒྱས་ཤིང་། གློག་ཞགས་ལྟ་བུའི་ངར་སྒྲ་དང་བཅས་ས་འཛིན་ཕུང་བོའི་ལྟོ་བ་གཤགས་ནས་ལྷུང་ལྷུང་དུ་འབབ་ཅིང་། མཛེས་པའི་ནོར་འཛིན་སྒེག་མོར་སླར་ཡང་གཟི་མདངས་ཀྱིས་ཕྱུག་པའི་རྣམ་པ་བཅས་ནི། སྐབས་དེའི་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་མཛེས་པའི་ཆ་ཡིན་པས། སྒྱུ་རྩལ་དེ་རྩོམ་རིག་གི་སྐད་ཆའི་སྦྱོར་བས་མཚོན་ཞིང་། བརྩེ་དུང་གི་ཉམས་ཐོན་ཐུབ་པར་བྱས་ཏེ་བསྒྱུར་བྱ་ནི་རྩོམ་པ་པོའི་རྩོམ་ཉམས་ཡིན་ལ་བསམ་བློའི་བརྩེ་དུང་ཡང་ཡིན། དེ་ལྟར་མ་ཐོན་ན་རྒུན་ཆང་གི་བྲོ་བ་ངོ་མའི་མ་རྩོམ་གྱི་རྩོམ་གཤིས་དེ་བསྒྱུར་རྩོམ་ཁྲོད་ནས་རོལ་མྱོང་བྱེད་ཐུབ་མེད་པའི་རྣམ་པ་འདུག 
          ཡང་དཔེར་ན། མ་རྩོམ།作者:《叶广芩》“朝下看,来的公路如同一条青白的带子,弯弯曲曲地绕过山根,扎进一条隧道,不见了踪影,好像被谁齐齐剪断了。”
          འགྱུར་རྩོམ། “དེ་ལས་མར་བལྟས་ན། བརྒྱུད་པའི་བཞུད་ལམ་དེ་ནི་དར་དཀར་ཡུག་ཅིག་དང་མཚུངས་པར་ཕར་འཁྱོག་ཚུར་འཁྱོག་ངང་རི་འདབས་སུ་བརྐྱངས་ཤིང་། ཁུང་ལམ་ཞིག་ཏུ་ཟུག་པས་སུ་ཞིག་གིས་དར་དཀར་དེ་དུམ་སེ་བཅད་པ་དང་མཚུངས་པར་མཐའ་སྣེ་མཐོང་མི་ཐུབ།”(5)ཅེས་རི་ལམ་ཀྱག་ཀྱོག་མང་པོ་བརྒྱུད་པའི་བཞུད་ལམ་དེ་ནི་རྒྱང་ནས་བལྟས་ན་ཆུ་ཀླུང་གི་བཞུར་རྒྱུན་ཞིག་དང་འདྲ་བའི་ཚོར་བ་དང་བརྒྱུས་ཏེ། མ་རྩོམ་ཁྲོད་ཀྱི་ཁོར་ཡུག་གི་རྣམ་པ་དེར་ཀློག་པ་པོའི་ཆ་ནས་རང་སེམས་ཀྱི་ཚོར་བར་བརྒྱུས་ནས་རོལ་མྱོང་བྱེད་ཐུབ་པ་ལྟ་བུའོ། །
          རྩོམ་རིག་བརྩམས་ཆོས་ལ་བརྩེ་དུང་གིས་ཕྱུག་ཅིང་གསོན་ཉམས་ལྡན་པའི་ངང་། བརྗོད་བྱའི་དོན་གྱི་སྙིང་བོ་དེ་རྗོད་བྱེད་ཚིག་གིས་ཡང་བསྐྱར་གསར་དུ་མཛེས་ཉམས་བཏོད་དེ་བསྒྱུར་ན། རྩོམ་པ་པོའི་རྩོམ་གཤིས་འབུར་དུ་ཐོན་ཐུབ་པར་མ་ཟད། ཀློག་པ་པོའི་ཡིད་ཀྱི་འགྱུར་བའི་ཚོར་བའང་ལྷོག་ལྷོག་ངང་སྒུལ་ཐུབ་པའི་ཁྱད་ཆོས་ལྡན། དེ་ལ“ཕྱོགས་གཅིག་ནས་མ་ཡིག་གི་སྒྱུ་རྩལ་གྱི་རྣམ་པ་དང་སྒྱུ་རྩལ་གྱི་གོ་བརྡ་དེ་བསྒྱུར་ཡིག་ཏུ་གང་བཟང་ཅི་ལེགས་སུ་བརྒྱུད་སྒྲོག་བྱ་དགོས་ལ། ཕྱོགས་གཞན་ཞིག་ནས་བསྒྱུར་ཡིག་གི་རིག་གནས་ཀྱི་ཁྱད་ཆོས་ལའང་བསྟུན་ཅི་ཐུབ་བྱ་དགོས”(6)ཞེས་ལོ་ཙཱ་བས་ནི་མ་ཡིག་རྩོམ་པ་པོའི་སེམས་ཁམས་རྟོགས་དགོས་ལ། རྩོམ་རིག་སྒྱུ་རྩལ་གྱི་ཞིང་ཁམས་རོལ་མྱོང་བྱེད་དུ་འཇུག་པའི་རྩོམ་རིག་སྒྱུ་རྩལ་བ་ཞིག་ཀྱང་ཡིན་དགོས་སྙམ། 
གསུམ་པ། མི་སྣའི་སེམས་ཁམས་ཞིབ་འབྲིའི་ལོ་ཙཱ་བྱེད་སྟངས་གླེང་བ།
          རྩོམ་རིག་བརྩམས་ཆོས་རེ་རེར་རང་རང་གི་བསྒྱུར་ཐབས་དང་ཁྱད་ཆོས་རེ་ཡོད། སྣང་བརྙན་བསམ་གཞིགས་བྱེད་སྟངས་ལས་བསྐྲུན་པའི་སྐད་ཆའི་སྦྱོར་བ་སོགས་ཚིག་སྦྱོར་ཧྲིལ་བོར་གསོན་ཉམས་ལྡན་ཞིང་། རྩོམ་མཁན་རང་གི་སེམས་ཀྱི་བརྩེ་དུང་ལས་འཕྲོས་པའི་སྐད་ཆའི་སྦྱོར་བའི་ཁྱད་ཆོས་ཡོད་པ། དེ་རང་སྐད་དུ་བསྒྱུར་བའི་དུས་སུའང་མ་རྩོམ་གྱི་སྐད་ཆའི་ཁྱད་ཆོས་རྣམས་ཅི་ནུས་ཀྱིས་མི་ཉམས་པར་བྱེད་ཐུབ་པ་དང་། བསྒྱུར་བྱ་གང་ཡིན་པ་དེའི་བརྗོད་བྱའི་སྙིང་བོ་དང་རྩོམ་གཤིས་གཉིས་མ་འཆོལ་བར་བྱེད་ཐུབ་པའི་རྨང་གཞིའི་སྟེང་། དོན་ལ་གསོན་ཉམས་ལྡན་ཞིང་ཚིག་ལ་ཉམས་འགྱུར་གྱིས་ཕྱུག་པར་བྱས་ཏེ། རང་སྐད་ཀྱི་བརྡ་སྤྲོད་མ་ལག་གི་ཁྱད་ཆོས་དང་བསྟུན་ཏེ། རང་སྐད་ཀྱི་བྲོ་བ་དང་སྒྱུ་རྩལ་ཁྱད་ཆོས་དེ་ཐོན་པར་བྱས་ན། ཀློག་པ་པོའི་སེམས་ཁམས་ཀྱི་མཛེས་ཚོར་དེ་མ་རྩོམ་བཀླགས་པ་ནང་བཞིན་མྱོང་ཐུབ།དེར“སྐབས་དོན་ཉམས་དང་གནས་སྐབས་དེ་ཇི་མ་ཇི་བཞིན་མཚོན་ཐུབ་པའི་ཚིག་གིས་བསྒྱུར་དགོས་པ་ལས། ཁྲལ་སེལ་སླ་བཅོས་དང་གལ་ཆུང་དུ་བརྩིས་ནས་ཉམས་དང་འགྱུར་བའི་གནས་སྐབས་ཇི་བཞིན་མཚོན་མི་ཐུབ་པའི་ཚིག་ཕལ་བ་སྤྱད་ནས་རང་དགར་བསྒྱུར་མི་རིགས”(7)ཞེས་པ་བཞིན། རྩོམ་རིག་བརྩམས་ཆོས་ནི་རྩོམ་པ་པོའི་སེམས་ཁམས་ཀྱི་བརྩེ་དུང་ལས་འཕྲོས་ཤིང་། ཚོར་བར་བརྒྱུས་ནས་བྲིས་པའི་རྩོམ་གྱི་རྣམ་པ་ཞིག་ཡིན་པས། མ་མཐའ་ཡང་ལོ་ཙཱ་བ་དེ་རྩོམ་པ་པོའི་སེམས་ཀྱི་གཏིང་རིམ་ལ་འཛུལ་ཏེ། རྩོམ་པ་པོའི་རྩོམ་ཡིག་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་དེ་ཚོར་ཐུབ་པ་ཞིག་དང་སྔོག་ཐུབ་པ་ཞིག་ཡིན་དགོས། རྩོམ་པ་པོ་ནི་འཁྲབ་གཞུང་རྩོམ་མཁན་ཞིག་ཡིན་པར་ཆ་བཞག་ན། ལོ་ཙཱ་བ་ནི་འཁྲབ་སྟོན་པ་ཡང་དག་ཅིག་ཡིན་པའི་ཆ་རྐྱེན་འཛོམས་དགོས་པ་ལྟ་བུའོ། །
          དཔེར་ན། མ་རྩོམ། 作者迟子建:《空色林澡屋》“不可预知的自然灾害匮乏的野外生存经验,对我们来说都是一道一道看不见的网,构成威胁。”
          འགྱུར་རྩོམ། “མི་མེད་ཐང་སྟོང་མང་པོ་འགྲིམས་དུས་རླུང་དཀྱིལ་དུ་ཟས་ཟ་བ་དང་ཐང་དཀྱིལ་དུ་གཉིད་ཉལ་དགོས་པས། གཅན་གཟན་གཏུམ་པོ་དང་ཚོད་དཔག་བྱེད་ཐབས་བྲལ་བའི་རང་བྱུང་གནོད་འཚེ་ལ་འཕྲད་སྲིད་པ་དང་། དེའི་ཁར་ཕྱི་རོལ་འགྲིམས་པའི་ཉམས་མྱོང་དབུལ་བ་བཅས་ནི་ང་ཚོར་མཚོན་ན་མིག་གིས་མཐོང་ཐབས་བྲལ་བའི་ཉེན་ཁ་ཏག་ཏག་ཡིན”(8)ཞེས་པའོ། །
          འདི་སྤྱིར་རྩོམ་གྱི་ནང་དོན་ཇི་བཞིན་བོད་རང་གི་སྐད་དུ་མ་འཆོལ་བར་བསྒྱུར་ཡོད་ལ། སྐད་ཆའི་སྦྱོར་བའི་ཆ་ནས་བོད་རང་གི་བརྡ་སྤྲོད་ཀྱི་ལུགས་དང་མཐུན་པ། ཚིག་གི་སྦྱོར་སྟངས་ཐད་ནས་ཀྱང་བོད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལྟར་སོང་ཡོད་མོད། ཡིན་ནའང་། འགྱུར་རྩོམ་དུ་རང་བཞིན་དྲང་མོའི་ངག་གིས་བརྗོད་པའི་སྐད་ཆའི་སྦྱོར་བ་དང་། རང་བཞིན་དཀྱུས་མའི་མིང་བརྡ་བཀོལ་བ་དེས་བརྗོད་བྱ་མ་རྩོམ་གྱི་ཚིག་སྦྱོར་དང་བསྡུར་ན། རྩོམ་རིག་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། སྐད་ཆའི་མཛེས་ཚོར་གྱི་ནུས་པ་དང་རྩོམ་རིག་སྒྱུ་རྩལ་གྱི་ཉམས་འགྱུར་དེ་ཅུང་ཞན་པའི་རྣམ་པ་འདུག རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་དེ་ནི་བཀླགས་ན་བདེ་ཞིང་། རྣ་བར་སྙན་པ། ཚིག་ལ་མཛེས་ཉམས་བཏོད་པའི་མིང་བརྡ་བཀོལ་དགོས་ཤིང་།ཀློག་པ་པོའི་ཡིད་ངོར་མ་རྩོམ་བཀླགས་པའི་མཛེས་པ་དང་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་སྦྱིན་ཐུབ་པའི་མིང་བརྡ་སྤྱོད་རྒྱུ་ནི་རྩོམ་རིག་བརྩམས་ཆོས་བསྒྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་སྙམ། དཔེར་ན། “མི་མེད་ལུང་སྟོང་བརྒྱུད་ཅིང་ཡ་ང་བའི་རང་བྱུང་ཁམས་ཀྱི་གནོད་པ་དང་། འཇིགས་སུ་རུང་བའི་གཅན་གཟན་གཏུམ་པོའི་རིགས་ཀྱི་གནོད་འཚེ། གཞན་མྱ་ངམ་ཐང་ལྟ་བུའི་ས་སྟོང་ལུང་སྟོང་ནས་འཚོ་སྡོད་བྱས་པའི་མྱོང་བ་མེད་པ”བཅས་ནི་མ་རྩོམ་ཁྲོད་ཀྱི་མི་སྣ་ལ་མཚོན་ན། སྨག་རུམ་གྱི་འོབས་སུ་ཆུད་པ་ཇི་བཞིན། ཡ་ང་བའི་འཇིགས་སྣང་ཞིག་ཡོད་པ་དེ་མ་རྩོམ་ཁྲོད་ཀྱི་མི་སྣའི་སེམས་ཁམས་དང་བསྟུན་ནས་བསྒྱུར་རྒྱུ་ལས། དེ་ནི་སྤྱིར་བཏང་གི་ཉེན་ཁ་ཙམ་གྱི་རྣམ་པས་མོག་བསྒྱུར་བྱས་ན། རྩོམ་པ་པོའི་མ་རྩོམ་གྱི་ཚིག་རེ་རེའི་རྒྱབ་ལོག་ན་བཞེངས་སྐྲུན་བྱས་ཡོད་པའི་ཛ་དྲག་ཅན་གྱི་ཁོར་ཡུག་གི་སྣང་བརྙན་དང་། ཡིད་འགྱུར་སོགས་འགྱུར་རྩོམ་དུ་དེ་འདྲའི་མཚོན་ཐུབ་མེད་ཅིང་ལེགས་འགྲུབ་བྱུང་མེད་པའི་རྣམ་པ་མངོན། 
བཞི་བ། མི་སྣའི་བྱེད་སྟངས(动作)ཞིབ་འབྲིའི་ལོ་ཙཱ་བྱེད་སྟངས་གླེང་བ།
          སྒྲུང་གཏམ་ཞིག་བསྒྱུར་བའི་སྐབས་སུ་ཐོག་མར་རྩོམ་པ་པོའི་མ་རྩོམ་གྱི་སྤྱི་ཁོག་གི་སྒྲིག་གཞི་དེར་བརྩི་བཀུར་བྱེད་དགོས་ཤིང་། མ་རྩོམ་གྱི་ཚིག་འགྲོས་ལ་བསྟུན་གང་ཐུབ་ཀྱིས་བསྒྱུར་བར་གཟབ་ནན་བྱ་དགོས། ལྷག་པར་དུ་བྱེད་སྟངས་ཞིབ་འབྲི་སྐོར་བསྒྱུར་བའི་སྐབས་སུ། མ་རྩོམ་གྱི་སྐད་ཆའི་སྦྱོར་བའི་ཚིག་འགྲོས་ལ་མ་བསྟུན་ན། འགྱུར་རྩོམ་དེ་ནི་འགྲེལ་བཤད་རང་བཞིན་ཅན་དང་གསལ་བཤད་རང་བཞིན་ཅན་གྱི་རྣམ་པར་འགྲོ་སྲིད་ཅིང་། དཔེར་ན། མ་རྩོམ་གྱི་ཚེག་ཤད་རེ་རེའི་མཚོན་དོན་དང་། ཚིག་གི་གཅོད་མཚམས་གང་ལའང་དོ་སྣང་མི་བྱེད་པར་ལོ་ཙཱ་བས་རང་གིས་གོ་བ་བླངས་པ་ལྟར་དོན་བསྒྱུར་རྐྱང་བའི་ཐབས་ཀྱིས་གང་འདོད་ལྟར་དབྱེ་མཚམས་ཕྱེད་པ་དང་། ཚིག་ཕྲད་སྣོན་པ་སོགས་བྱས་ན་ནི་མ་རྩོམ་གྱི་མི་སྣའི་བྱེད་སྟངས་ཞིབ་འབྲི་དང་ཡོངས་སུ་འགལ་བའི་རྣམ་པ་འབྱུང་ལ།  རྩོམ་པ་པོའི་རྩོམ་སྟངས་ཀྱི་ཁྱད་ཆོས་སམ་རྩོམ་གཤིས་ལའང་གཏོར་བརླགས་ཐེབས་པར་མ་ཟད། ཐུན་མོང་མ་ཡིན་པའི་རྩོམ་གྱི་སྒྲིག་གཞི་ལའང་རྨ་ཁ་བཟོ་ཞིང་། མ་རྩོམ་ལ་ན་ཚ་ཕོག་པའི་རྣམ་པ་འབྱུང་བ་རེད། 
          དཔེར་ན། མ་རྩོམ། 作者;海飞《麻雀》“那天三辆篷布车就候在直属行动队的院子里。每辆车边都站了九个人,毕忠良穿着大衣在雪地里来回踱步。扁头跑来告诉他,没有找到陈深。毕忠良就有些生气,陈深是他手下一分队的队长,也是一个令他不能省心的兄弟。他想了想,抬头看看漫无边际的雪在空中扭过来扭过去地飞舞,像是被风吹散的瀑布一样。毕忠良的脖子上落下了雪,雪很快融化,让他感到了一阵沁凉。毕忠良缩了缩脖子对着天空说,米高梅。”
          འགྱུར་རྩོམ། “ཉིན་དེར་གཞུག་སྒམ་རས་ཀྱིས་གཡོགས་པའི་རླངས་འཁོར་གསུམ་དཔུང་འཇུག་རུ་ཁག་གི་ར་སྐོར་དུ་བསྡད་འདུག་ཅིང་། རླངས་འཁོར་རེའི་འགྲམ་དུ་མི་དགུ་རེ་འགྲེངས་ཡོད། པའེ་ཀྲུང་ལིང་གིས་ལྭ་རིང་གྱོན་ནས་ཁ་བའི་ནང་ཕར་འགྲོ་ཚུར་འགྲོ་བྱེད་སྐབས། འཇོར་མགོ་རྒྱུགས་འོངས་ཏེ་ཁྲིན་ཧྲིན་རྙེད་མ་བྱུང་ཞེས་བཤད། པའེ་ཀྲུང་ལིང་ལ་ཁོང་ཁྲོ་ཞིག་སྐྱེས། ཁྲིན་ཧྲིན་ནི་ཁོའི་ལག་འོག་གི་རུ་ཁག་ཅིག་གི་རུ་གཙོ་ཡིན་ལ། ཁོས་སེམས་ཁྲལ་ཡེ་ནས་བྱེད་མི་དགོས་པའི་སྤུན་ཟླ་ཞིག་ཀྱང་ཡིན། ཁོས་ཡང་བསྐྱར་བསམ་བློ་ཞིག་བཏང་སྟེ་མགོ་བོ་ཡར་བཀྱགས་ནས་བལྟས་ཚེ། མཐའ་མི་མངོན་པའི་མཁའ་དབྱིངས་སུ་ཁ་བ་ལྷབ་བེ་ལྷུབ་བེར་འབབ་པ་ནི་བྲག་ཁ་ནས་འཕྱོ་བའི་རྦབ་ཆུ་རླུང་གིས་གཏོར་བ་དང་མཚུངས། པའེ་ཀྲུང་ལིང་གི་སྐེ་ལ་ཁ་བ་ཞིག་ལྷུང་སོང་། ཁ་བ་མྱུར་དུ་ཞུས་པས་ཁོ་ལ་འཁྱག་བསིལ་བསིལ་གྱི་སྣང་བ་ཞིག་བྱུང་། པའེ་ཀྲུང་ལིང་གིས་གཉའ་བ་བསྒོང་བསྒོང་ཞིག་བྱས་རྗེས་མཁའ་དབྱིངས་སུ་བལྟས་ཏེ། མུས་ཀའོ་མེས་ཞེས་བཤད།”(9)ལྟ་བུའོ། །
          མ་རྩོམ་ཁྲོད་ཀྱི་མི་སྣའི་བྱེད་སྟངས་ཞིབ་འབྲི་ལ་དབྱེ་མཚམས་གསལ་བོ་ཡོད་པ་ཇི་བཞིན། ལོ་ཙཱ་བས་ཀྱང་འགྲོས་དེ་ལ་བསྟུན་ཅི་ཐུབ་གང་ནུས་ཀྱིས་བསྒྱུར་ཡོད། མ་རྩོམ་གྱི་འགྲོས་ཇི་བཞིན་བསྟུན་པ་དེ་ནི་མ་རྩོམ་གྱི་རྩོམ་གཤིས་ལ་གདེངས་འཇོག་བྱས་ཡོད་པ་ལས། ཚིག་ངོས་རེ་རེ་ཨུ་ཚུགས་རྐྱང་བས་དེད་ཅིང་བཙན་བསྒྱུར་བྱས་མེད། དེ་ནི་གཙོ་བོ་མ་རྩོམ་ཁྲོད་ཀྱི་བྱེད་སྟངས་ལ་བརྩི་འཇོག་བྱས་པ་ཡིན་ལ། མ་རྩོམ་གྱི་རྩོམ་གཤིས་མ་དོར་བའི་བསྒྱུར་ཐབས་ཤིག་ཀྱང་རེད། རྩོམ་རིག་བརྩམས་ཆོས་གང་ཞིག་ལོ་ཙཱ་བྱེད་པའི་ཁྲོད་སྒྱུར་ཐབས་རྣམ་པ་སྣ་ཚོགས་ཤིག་སྤྱད་ཆོག་ཅིང་། གནས་བབ་གང་འདྲ་ཞིག་ནས་སྒྱུར་ཐབས་ག་འདྲ་ཞིག་ལག་ལེན་བྱེད་པ་ནི་ལོ་ཙཱ་བ་སོ་སོའི་ཐུན་མོང་མ་ཡིན་པའི་རིག་ལམ་ཡིན་པར་མ་ཟད། ལོ་ཙཱའི་བྱ་བའི་ཁྲོད་ཀྱི་ཉམས་མྱོང་ཡང་ཡིན་སྙམ།
          མ་རྩོམ་གྱི་ཐུན་མོང་མ་ཡིན་པའི་སྐད་ཆ་སྦྱོར་ལུགས་དེ་གཙོ་བོ་ཚིག་འགྲོས་ལ་བརྟེན་དགོས་ཤིང་། ཚིག་འགྲོས་ནི་རྩོམ་པ་པོའི་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་ཉམས་དང་རྩོམ་གཤིས་ཀྱང་ཡིན། དཔེར་ན། (པའེ་ཀྲུང་ལིང་གི་སྐེ་ལ་ཁ་བ་ཞིག་ལྷུང་སོང་། ཁ་བ་མྱུར་དུ་ཞུས་པས་ཁོ་ལ་འཁྱག་བསིལ་བསིལ་གྱི་སྣང་བ་ཞིག་བྱུང་།)ལྟ་བུ་བྱེད་སྟངས་ཞིབ་འབྲི་ཡིག་བསྒྱུར་བྱེད་སྐབས་སུ་ཚིག་གྲིམ་ཞིང་གཅོད་མཚམས་ལ་ཡིད་འཇོག་བྱས་ཡོད་ཅིང་། ཚིག་ལྷུག་དྲགས་པ་སྤྱད་མེད་པར་མི་སྣའི་བྱེད་སྟངས་ཀྱི་དབྱེ་མཚམས་གསལ་ཞིང་། མ་རྩོམ་གྱི་བྱེད་སྟངས་ཞིབ་འབྲི་འགྱུར་རྩོམ་ཁྲོད་ཐོན་ཡོད་པའི་རྣམ་པ་ཡོད། གོང་སྨོས་ལྟར་བསྒྱུར་ན་མ་རྩོམ་དང་འགྱུར་རྩོམ་གཉིས་དོ་མཉམ་པ་ཡོང་བས་ཀློག་མཁན་གྱིས་མ་རྩོམ་གྱི་བྱེད་སྟངས་ཁྱད་ཆོས་ལྟར་འགྱུར་རྩོམ་ཁྲོད་བྲོ་བ་མྱངས་ཐུབ།
          གཞན་དམར་དམག་རྒྱང་བསྐྱོད་ཀྱི་སྐབས་སུ་ཁ་བས་ཁྲོད་ནས་ཤུད་འདྲེད་བྱེད་པའི་ཞིབ་འབྲི་ཞིག་བསྒྱུར་བའི་དཔེ་མཚོན་ཞིག་ནི་དཔེར་ན།
          མ་རྩོམ། 陶纯著:《天佑》“又一阵强风吹来,雪粒打脸,唐本奇不由得闭上眼睛。当他睁开眼睛的时候,突然看到,毛小虎脚下一滑,猛地摔了出去。伏在毛小虎背上天佑,摔得更远,像一块石头飞出去,砸进了坡道一侧的雪堆里,反眼不见了。天佑的哭声从雪堆里钻出来,由尖厉变为安哑。毛小虎吓傻了,竟然爬不起来。唐本奇惊醒过来,甩掉身上的两支步枪和背包,飞步蹿了出去,腾空惊过毛小虎的身体,砸进吃掉天佑的那个雪窟窿里……”
          འགྱུར་རྩོམ། “གྲང་རླུང་ཞིག་ལྡང་འོངས་པ་དང་མཉམ་དུ་ཁ་བའི་འདབ་མ་གདོང་ལ་ཕོག་པ་ན་ཐང་པིན་ཆིས་རང་དབང་མེད་པར་མིག་བཙུམ་དགོས་བྱུང་། ཁོས་ཡང་བསྐྱར་མིག་ཕྱེས་བའི་སྐབས་དེར། གློ་བུར་དུ་མའོ་ཞའོ་ཧུའུ་ལ་རྐང་འདྲེད་ཅིག་ཤོར་ཏེ་ཅུང་ཐག་རིང་ཞིག་ཏུ་བསྒྱེལ་བ་མཐོང་བྱུང་། མའོ་ཞའོ་ཧུའུ་ཡི་རྒྱབ་ཏུ་ཡོད་པའི་ཐེན་ཡུག་དེ་ལས་ཀྱང་རིང་བ་ཞིག་ཏུ་གཡུགས་བྱུང་ལ། དེ་ནི་རྡོ་ནག་པོ་ཞིག་གཡུགས་པ་དང་འདྲ་བར་རི་ངོས་སུ་སྤུངས་པའི་ཁ་བའི་ཁྲོད་དུ་བརྡབ་པ་ན། མིག་རྡེབ་དབང་ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར། ཐེན་ཡུག་གི་ངུ་སྐད་ཁ་བ་སྤུངས་ཡོད་པ་དེ་ལས་ཕྱིར་འཛུལ་ཏེ་མངོན་འོངས་པ་དང་མཉམ་དུ། སྒྲ་མཐོ་ལ་རྣར་གཟན་པའི་ངུ་སྐད་དེ་ཅུང་མ་འགོར་བར་སྐད་འཛེར་འཛེར་ཞིག་ཏུ་གྱུར། མའོ་ཞའོ་ཧུའུ་སྐྲག་ཐག་ཆོད་དེ་ཡར་ལངས་མ་ཐུབ་པར་ལུས། ཐང་པིན་ཆི་དངངས་སྐྲག་དང་བཅས་ཏེ་རྒྱབ་ཏུ་འཁུར་ཡོད་པའི་བོའུ་རིང་གཉིས་དང་ཁུར་ཁུག་སར་གཡུགས་ཤིང་། ཤུགས་ཀྱིས་རྒྱུགས་ཏེ་མའོ་ཞའོ་ཧུའུ་ཡི་སྟེང་ནས་ཕར་མཆོངས་ནས་ཐེན་ཡུག་ལྷུང་སའི་ཁ་བའི་འོབས་དོང་ནང་དུ་བརྡབ” (10)ཅེས་པའོ། །
          ནང་དོན་གྱི་ཆ་ནས། དམར་དམག་འདི་ཚོས་བྱིས་པ་ཐེན་ཡིག་ལ་བཅངས་པའི་བརྩེ་སེམས་དང་བྱམས་པ། ལྷག་པར་དུ། ཐེན་ཡིག་ཆེས་དགའ་སའི་ཨ་ཁུ་ཐང་པིན་ཆིས་ཐེན་ཡིག་མའོ་ཞའོ་ཧུའུ་ཡི་རྒྱབ་ནས་ཐག་རིང་ཞིག་ཏུ་བསྒྱིངས་པའི་རྣམ་པ་དེ་མཐོང་བ་དང་། ཐེ་ཚོམ་སྤུ་ཙམ་མེད་པར་ཁ་བའི་འོབས་དོང་ནང་དུ་མཆོངས་ཤིང་ཐེན་ཡིག་སྐྱོབ་པའི་རྣམ་པ་ཞིབ་འབྲི་བྱས་པ་འདིས། གཅིག་ནས་རྩོམ་པ་པོས་བློ་སེམས་དཀར་ཞིང་དྲང་ཤེད་ཆེ་བའི་དམར་དམག་ཚོ་ནི་ཉེན་ཁའི་སྐབས་སུ་རང་སྲོག་བློས་བཏང་སྟེ། ཕ་རོལ་བོ་སྐྱོབ་པར་ཅི་མི་སྙམ་པའི་དཔའ་བོ་དང་། གཉིས་ནས་བྱིས་པ་དང་གཉོམ་ཆུང་ལ་བརྩེ་སེམས་དང་སྙིང་རྗེ་ཡོད་པ། ངེས་པ་དོན་གྱི་དཔའ་བོ་ཡིན་པའི་རྣམ་པ་ཤུགས་ཀྱིས་བསྟན་ཡོད། འདིར་ལོ་ཙཱ་བས་ཀྱང་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གང་རུང་ནས་རྩོམ་པ་པོའི་མ་རྩོམ་གྱི་ཁྱད་ཆོས་མ་དོར་བར། དཔེར་ན། (ཐེན་ཡུག་གི་ངུ་སྐད་ཁ་བ་སྤུངས་ཡོད་པ་དེ་ལས་ཕྱིར་འཛུལ་ཏེ་མངོན་འོངས་པ་དང་མཉམ་དུ། སྒྲ་མཐོ་ལ་རྣར་གཟན་པའི་ངུ་སྐད་དེ་ཅུང་མ་འགོར་བར་སྐད་འཛེར་འཛེར་ཞིག་ཏུ་གྱུར། མའོ་ཞའོ་ཧུའུ་སྐྲག་ཐག་ཆོད་དེ་ཡར་ལངས་མ་ཐུབ་པར་ལུས།)ལྟ་བུ་སྐབས་དེའི་མི་སྣའི་སྣང་བརྙན་དང་བྱ་བྱེད་སོགས་ཇི་མ་ཇི་བཞིན་དུ་མཚོན་ཡོད་ཅིང་། མ་རྩོམ་གྱི་ཚིག་འགྲོས་ཇི་བཞིན་བྱ་བྱེད་ཚང་མ་ཇི་མ་ཇི་བཞིན་གྱི་ངང་ནས་མཚོན་ཡོད་པ་དང་། མ་རྩོམ་གྱི་མི་སྣའི་བྱེད་སྟངས་དེ་ཚིག་འགྲེལ་རང་བཞིན་ཅན་གྱིས་བསྒྱུར་བ་མ་ཡིན་པར། ལོ་ཙཱ་བྱེད་པའི་སྐབས་སུ་མ་རྩོམ་གྱི་མི་སྣའི་བྱེད་སྟངས་ཇི་བཞིན་ཉམས་ཐོན་ཞིང་། མི་སྣའི་འགྲོ་འདུག་སོགས་ཞིབ་འབྲི་བྱས་པ་མ་རྩོམ་གྱི་སྒྲིག་གཞི་ལྟར། དབྱེ་མཚམས་གསལ་བོའི་ངང་ནས་རང་སྐད་ཀྱི་ཁྱད་ཆོས་ལྟར་བསྒྱུར་ཡོད་པའི་ཁྱད་ཆོས་མངོན་ཡོད། དེ་ལ་ཀློག་པ་པོ་ཚོའི་ངོས་ནས་བསྒྱུར་རྩོམ་དེ་ལ་མ་རྩོམ་བཀླགས་པ་ཇི་བཞིན་མཛེས་ཚོར་གྱིས་ཕྱུག་ཅིང་རྩོམ་ཉམས་དོད་པའི་ཁྱད་ཆོས་ཡོད། “རྩོམ་རིག་གསར་རྩོམ་དུ་ཚིག་གི་སྦྱོར་བ་ཇི་ལྟར་སྤེལ་བ་རང་དབང་ཡིན་མོད། རྩོམ་རིག་ལོ་ཙཱའི་བྱ་བའི་ཁྲོད་དེ་འདྲའི་རང་དབང་ཡོད་པ་མ་ཡིན། འགྱུར་མའི་སྐད་ཆས་འོས་འཚམས་ཀྱི་ཚིག་སྦྱོར་ཞིག་འཚོལ་དགོས་ཏེ། དེ་ནི་ཐོག་མར་རྒྱའི་སྐད་ཆའི་བརྗོད་ལུགས་དང་མཐུན་ཞིང་། མ་ཡིག་གི་ཚིག་དོན་ཐམས་ཅད་ཇི་བཞིན་དུ་མཚོན་ཐུབ་པ་དང་། གཏན་ཚིགས་དང་མཐུན་དགོས། ” (11)ཞེས་པ་དེས་བསྒྱུར་བྱའི་ནང་དོན་རྩོམ་རིག་བརྩམས་ཆོས་ཡིན་པ་དང་།  རྩོམ་རིག་བརྩམས་ཆོས་ལས་སྒྲུང་གཏམ་ལོ་ཙཱ་བྱེད་པའི་ཁྲོད་དུའང་། བྱེ་བྲག་ཏུ་བསྒྱུར་བྱའི་ནང་དོན་དང་རྣམ་པ་མི་འདྲ་བ་བཞིན་དེ་ལ་དེ་འཚམས་ཀྱི་ཚིག་གི་སྡེབ་སྦྱོར་དང་བསྒྱུར་ཐབས་མི་འདྲ་བ་སྤྱོད་དགོས། དེ་ལ་ཡོངས་གྲགས་སུ་གཅིག་མཐུན་གྱི་ཆོས་ཉིད་ལྟར་ཚད་གཞི་གཏན་ཁེལ་ཞིག་མེད་པའང་ཞོར་ནས་རྟོགས་ཐུབ། 
ལྔ་བ། མི་སྣའི་སྣང་བརྙན་ཞིབ་འབྲིའི་ལོ་ཙཱ་བྱེད་སྟངས་གླེང་བ།
          ལུའུ་ཞུན་དང་། མའོ་ཏོན། ཀོ་མའོ་རོ་སོགས་རྒྱའི་དེང་རབས་རྩོམ་རིག་གི་མེས་པོ་རྣམས་ཀྱི་བརྩམས་ཆོས་ཤིག་བསྒྱུར་བར་བརྗོད་བྱའི་དོན་དེ་ཚིག་ངོས་ཀྱི་ནང་དོན་ཙམ་རང་སྐད་དུ་བསྒྱུར་བས་མི་ཆོག བསྒྱུར་བྱའི་མ་ཡིག་དེ་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ན། རང་སྐད་དུ་བསྒྱུར་བའི་དུས་སུའང་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་དགོས་པས་མིང་བརྡ་སོགས་ལ་ལས་སྣོན་ཅུང་ཙམ་རེ་བྱེད་རུང་བ་ལས། མ་རྩོམ་ལ་གང་འདོད་དུ་བཟོ་བཅོས་དང་དབྲི་སྣོན་བྱ་མི་རུང་། དེ་ལ“ལོ་ཙཱ་བྱེད་པ་ལ་ཐོག་མར་རྩོམ་པ་པོ་དང་། ལོ་ཙཱ་བ། འགྱུར་མའི་ཀློག་པ་པོའི་འབྲེལ་བ་བཀོད་སྒྲིག་ལེགས་པོ་བྱེད་དགོས་ལ། རྩོམ་པ་པོ་དང་མ་རྩོམ་ལ་བརྩི་འཇོག་བྱས་ཏེ་མ་ཡིག་ལ་གོ་བ་ཡང་དག་པར་ལེན་པ་དང་། འགྱུར་མའི་ཀློག་པ་པོ་དང་འགྱུར་མར་འགན་ཁུར་ཏེ། འགྱུར་མའི་རིན་ཐང་ཀློག་པ་པོའི་བལྟ་ཀློག་ལས་མཚོན་པར་བྱེད་དགོས། དེ་ནས་འགྱུར་མར་ཅི་ནུས་ཀྱིས་མ་ཡིག་གི་སྐད་ཆའི་སྒྱུ་རྩལ་དང་རྒྱན་གྱི་ཁྱད་ཆོས་ཐོན་པར་བྱེད་དགོས”(12)ཞེས་པ་ནང་བཞིན་དེའི་དཔེ་མཚོན་ཙམ་བཀོད་ན། 
          མ་རྩོམ། 陶纯著:《天佑》“缓慢的行进中,谁也不说话,只听见风的号叫声,还有脚底摩擦雪粒的沙沙声。大队的人马,远离了看,就像数不清的雪人,在天堂里游动。”
          འགྱུར་རྩོམ། “དལ་ལྷོད་ལྷོད་ཀྱི་མདུན་བསྐྱོད་ཀྱི་ཁྲོད་དུ། སུ་ལའང་སྨྲ་བ་ཅི་ཡང་མེད་པས། རླུང་གི་འུར་སྒྲ་དང་རྐང་མཐིལ་གྱིས་ས་ལ་རེག་པའི་ཐྲིག་ཐྲིག་གི་གོམ་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག དམང་དཔུང་ལ་རྒྱང་ནས་བལྟས་ཚེ་ཁ་བས་བཟོས་པའི་མི་བགྲང་ལས་འདས་པ་ཞིག་བདེ་བ་ཅན་དུ་དལ་གྱིས་བསྐྱོད་པ་དང་མཚུངས”(13)ཞེས་བསྒྱུར་ཡོད། དཔེར་ན། (དམང་དཔུང་ལ་རྒྱང་ནས་བལྟས་ཚེ་ཁ་བས་བཟོས་པའི་མི་བགྲང་ལས་འདས་པ་ཞིག་བདེ་བ་ཅན་དུ་དལ་གྱིས་བསྐྱོད་པ་དང་མཚུངས)ལྟ་བུ། དམར་དམག་རྒྱང་བསྐྱོད་སྐབས་ཀྱི་སྣང་བརྙན་ཞིབ་འབྲི་བྱས་པ་ཤིན་ཏུ་ལེགས་ཤིང་། ཞིབ་ཆ་ལྡན་པ། སྐབས་དེའི་མི་སྣའི་སྣང་བརྙན་ཀློག་པ་པོའི་མིག་ལམ་དུ་གློག་བརྙན་བཞིན་གསལ་ལྷང་ངེར་འཆར་འོངས་པའི་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་ཡོད། དེ་ནི་གཅིག་ནས་རྩོམ་པ་པོ་ཁོ་རང་རྩོམ་རིག་སྒྱུ་རྩལ་ལ་མཁས་ཤིང་ཉམས་འདོན་སྟངས་ཁྱད་པར་བ་ཞིག་ཡོད་པ་དང་། གཉིས་ནས་རྩོམ་པ་པོ་ཁོང་གི་སློབ་གསོའི་རྒྱབ་ལྗོངས་དེ་ལའང་འབྲེལ་བ་ཡོད་པས་རེད་སྙམ། རྩོམ་པ་པོ་ཐའོ་ཁྲུན་ཁོང་ལ་དམར་དམག་སྒྱུ་རྩལ་སློབ་གྲྭའི་རྩོམ་རིག་སློབ་གླིང་ནས་མཐར་ཕྱིན་པའི་སློབ་གསོའི་བརྒྱུད་རིམ་ཡོད་པ་མ་ཟད། དམར་དམག་འཐབ་ཇུས་ལ་གཞོགས་འདེགས་ཞུ་བའི་མ་སྐུལ་དང་བླངས་ཀྱི་རྩོམ་པ་པོའང་ཡིན་པས། ཁོང་གིས་དམར་དམག་ལ་བཅངས་པའི་བརྩེ་སེམས་སླད་མེད་པ་དང་། དེ་ལས་མངོན་པའི་སྨྱུག་རྩེར་འཁྱུག་པའི་དམར་དམག་གི་འཚོ་བ་ནི་ཁོང་ལ་མཚོན་ན་ཅི་འདྲའི་ཆ་རྒྱུས་ཡོད་པ་ཞིག་དང་། དམར་དམག་གི་འཚོ་བའི་སྣང་བརྙན་རེ་རེ་ནི་ཁོང་ལ་མཚོན་ན་ཇི་འདྲའི་གསལ་ཆ་ཡོད་པ་ཞིག་རེད། དེ་བས་ཁོང་གི་སྒྲུང་གཏམ་ལ་བརྩེ་བ་ཟབ་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཞིང་།  བརྩེ་བ་དེ་ནི་རྩོམ་གྱི་འགོ་མཇུག་བར་གསུམ་ལ་བཀྲམས་ནས་ཡོད། གཞན་འགྱུར་རྩོམ་གྱི་ཆ་ནས་ཀྱང་། གཅིག་ནས་རྩོམ་པ་པོའི་རྩོམ་གཤིས་དོར་མེད་པ་མ་ཟད། འགྱུར་ཡིག་ཁྲོད་དུ་རྩོམ་པ་པོའི་བརྩེ་དུང་དྲག་པོ་དེ་ཇི་བཞིན་བསྒྱུར་ཡོད་པ་ནི། རྩོམ་པ་པོས་ཁ་བའི་ཁྲོད་དུ་དམར་དམག་གི་སྣང་བརྙན་ཇི་ལྟར་ཞིབ་འབྲི་བྱས་ཡོད་པ་དེ་བཞིན་དུ། ལོ་ཙྰ་བས་གསོན་ཉམས་ལྡན་ཞིང་། སྡེབ་ལེགས་ཚིག་སྦྱོར་ལ་བརྟེན་ཏེ་རྩོམ་པ་པོའི་བརྩེ་དུང་མཚོན་པའི་རྩོམ་གཤིས་འབུར་དུ་ཐོན་པར་བྱས་འདུག གཉིས་ནས་བོད་རང་གི་སྐད་ཆའི་སྦྱོར་བ་དང་ཀློག་པ་པོའི་ཡིད་ངོར་འཇགས་ཐུབ་པའི་མིང་བརྡ་དང་ཐ་སྙད་བཀོལ་ཞིང་། མ་རྩོམ་གྱི་བྲོ་བ་ངོ་མ་བརླག་མེད་པར་རང་སྐད་ངོ་མའི་སྟེང་ནས་བཀླགས་ཀྱང་ཀློག་པ་པོའི་ཡིད་ཀྱི་ཚོར་བ་དྲན་པའི་སྣང་བརྙན་དུ་འགྱུར་བའི་ཁྱད་ཆོས་མངོན་འདུག
དྲུག་པ། མི་སྣ་ཕན་ཚུན་གྱི་ཁ་བརྡ་ཞིབ་འབྲིའི་ལོ་ཙཱ་བྱེད་སྟངས་གླེང་བ།
          མི་སྣའི་སེམས་ཁམས་དང་ཕན་ཚུན་གྱི་ཁ་བརྡ་གླེང་མོལ་ལྟ་བུ་བསྒྱུར་བ་ལ། བསྒྱུར་མཁན་རང་ཉིད་མི་སྣ་དེའི་སེམས་ཁམས་ཀྱི་འཇིག་རྟེན་དུ་ཞུགས་ཏེ་མི་སྣའི་ཡིད་འགྱུར་གང་ཉིད་ཕྲ་ཞིང་ཞིབ་པར་ཐོན་པ་དང་། དམིགས་བསལ་ཅན་གྱི་ཁོར་ཡུག་ནས་མི་སྣའི་སེམས་ཁམས་ཇི་ལྟར་ཡིན་པ། དེས་སྐད་ཆ་ཅི་ཞིག་བརྗོད་པ་བཅས་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། སྒྲུང་གཏམ་ལས་མི་སྣའི་བར་གྱི་ཁ་བརྡ་ནི་མི་སྣ་གང་དེའི་གཤིས་ཀ་དང་ཐོབ་ཐང་། སློབ་གསོ་སོགས་མཚོན་བྱེད་ཀྱི་སྒེའུ་ཁུང་ལྟ་བུ་ཡིན་པས། དེ་དག་རང་སྐད་དུ་བསྒྱུར་དུས་ཀྱང་མ་མཐའ་ཡང་ལོ་ཙཱ་བས་ཕྱོགས་གཉིས་ལ་བསམ་བློ་གཏོང་དགོས། གནས་སྐབས་ཀྱི་ཁོར་ཡུག་མི་འདྲ་བ་དང་སེམས་ཁམས་མི་འདྲ་བའི་སྐབས་སུ་ཁ་བརྡ་དེ་ཡང་སོ་སོའི་ཁྱད་ཆོས་མི་འདྲ་བས། བསྒྱུར་ཐབས་ཀྱི་ཆ་ནས་ཀྱང་དོན་བསྒྱུར་ཐལ་མི་དྲགས་པར། མ་རྩོམ་གང་གི་ཚིག་རིས་ཇི་བཞིན་ཐད་ཀ་ཐད་སོར་བསྒྱུར་བའི་ཐབས་སྤྱད་པ་དཔེར་ན།
          མ་རྩོམ། 作者次仁罗布《九眼石》“他跟我说他杀了个老太婆。”旦增达瓦说。 
“你可不能开玩笑,这是要负法律责任的。”李国庆一字一句地说。 
“他自己给我是这么说的。”旦增达瓦这样回答。  
李国庆觉得问题严重了,他们这是在包庇罪犯,要是被抓住的话要负法律责任的。
“你明明知道他是个杀人犯,为什么还要搭他上车?”李国庆的情绪很激动。  
“难道要让他冻死饿死在旷野里吗?你没有看到他已经受到惩罚了?”旦增达瓦不服气地说。
          འགྱུར་རྩོམ། “ཁོས་ང་ལ་རང་གིས་ཨ་ཡེ་རྒན་མོ་ཞིག་བསད་པ་ཡིན་ལབ་སོང་།” བསྟན་འཛིན་ཟླ་བས་དེ་སྐད་སྨྲས། 
ལི་ཀུའོ་ཆིང་གིས“ཁྱོད་ཀྱིས་ཀུ་རེ་མི་ལབ་པར་ཞུ། དོན་དེ་ངོ་མ་ཡིན་ཚེ། ཁྲིམས་ལུགས་ཀྱི་འགན་ཁུར་དགོས་པ་ཡིན”ཞེས་ཚིག་རེ་རེ་ནན་གྱིས་བཤད་བྱུང་། 
“ཁྱོད་ཀྱིས་ལག་དམར་ཡིན་པ་ཤེས་བཞིན་དུ། ཅི་ཞིག་ལ་རླངས་འཁོར་ནང་འབུད་དུ་བཅུག་པ་ཡིན་ནམ། ”ལི་ཀུའོ་ཆིང་ནི་རླུང་དྲག་པོ་ལང་བར་གྱུར།
“འོ་ན་ཁོ་ཐང་སྟོང་འདི་རུ་འཁྱག་ཤི་ཐེབས་སུ་འཇུག་དགོས་པ་རེད་དམ། ཁྱོད་ཀྱིས་ཁོ་ལ་གནམ་རྒན་མས་ཆད་པ་བཅད་ཟིན་པ་མ་མཐོང་ངམ། བསྟན་འཛིན་ཟླ་བས་ཀྱང་ཁས་མི་ལེན་པའི་ཉམས་ཀྱིས་སྨྲས”(14)ཞེས་པའོ། །
          དཔེ་དེས་མི་སྣ་གཉིས་ཀྱི་རིག་གནས་དང་སློབ་གསོའི་རྒྱབ་ལྗོངས་མི་འདྲ་བ་ལས་མངོན་པའི་རིན་ཐང་ལྟ་ཚུལ་ཡང་མི་འདྲ་ཕྱིར། སེམས་ཀྱི་འཆར་ཚུལ་དང་ངག་ནས་ཐོན་པའི་སྐད་ཆའང་མི་འདྲ་བ་དང་། དེ་ནི་སྐབས་འདིའི་རྩོམ་པ་པོའི་མ་རྩོམ་གྱི་བསམ་བློ་དང་རྩོམ་གཤིས་ཀྱང་ཡིན་པས། དཔེར་ན།(ཁྱོད་ཀྱིས་ལག་དམར་ཡིན་པ་ཤེས་བཞིན་དུ། ཅི་ཞིག་ལ་རླངས་འཁོར་ནང་འབུད་དུ་བཅུག་པ་ཡིན་ནམ། ལི་ཀུའོ་ཆིང་ནི་རླུང་དྲག་པོ་ལང་བར་གྱུར།
          བསྟན་འཛིན་ཟླ་བས། འོ་ན་ཁོ་ཐང་སྟོང་འདི་རུ་འཁྱག་ཤི་ཐེབས་སུ་འཇུག་དགོས་པ་རེད་དམ། ཁྱོད་ཀྱིས་ཁོ་ལ་གནམ་རྒན་མས་ཆད་པ་བཅད་ཟིན་པ་མ་མཐོང་ངམ)ལོ་ཙཱ་བས་མ་རྩོམ་གྱི་ཚིག་རིས་ཇི་བཞིན་བོད་རང་སྐད་ཀྱི་ཚིག་སྦྱོར་གྱིས་སྤྲས་ཏེ་སྤེལ་ཡོད། ཀློག་པ་པོ་རེ་རེའི་སེམས་ཀྱི་སྣང་ངོར་དྲན་ཚུལ་མི་འདྲ་བ་དང་སྣང་བརྙན་མི་འདྲ་བ་རེ་བསྐྲུན་ཐུབ་པའི་ཁྱད་ཆོས་ཡོད། འདིར་ནུབ་ཕྱོགས་སྤྱི་ལོ་སྔོན་གྱི་ཆོས་ལུགས་ཡིག་སྒྱུར་ལོ་ཙཱ་བ(Marcrcus Tullius Cicero)སི་སད་རོ་མཆོག་གིས་གསུང་རྒྱུར། “རྡི་མོ་སི་ཉི་Demosthenesམཆོག་གི་གསུང་རྩོམ་ཡིག་སྒྱུར་བྱེད་མཁན་ཞིག་ཡིན་ཚེ། ལོ་ཙཱ་བ་རང་ཉིད་ཀྱང་རྡི་མོ་སི་ཉི་དང་འདྲ་བའི་མི་ཞིག་ཡིན་དགོས།”(15)ཞེས་པ་འདིས་ཕྱོགས་གཅིག་ནས་ལོ་ཙཱ་བའི་ཆུ་ཚད་ལ་ཚད་གཞི་བཏོན་པ་ཡིན་སྲིད་མོད། གཞན་ལོ་ཙཱ་བ་ཞིག་ཡིན་ཕྱིན། བསྒྱུར་བྱའི་མ་རྩོམ་གྱི་རིག་གནས་རྒྱབ་ལྗོངས་དེ་ལའང་བྱང་ཆ་ཡོད་དགོས་པའི་བླང་བྱ་བཏོན་ཡོད་པར་འདོད། དེ་ལ“ཨ་མེ་རི་ཀའི་ཡིག་བསྒྱུར་གཞུང་ལུགས་ཀྱི་རབ་འབྱམས་པ་ཀོ་ནེ་ཡིས་ཡིག་བསྒྱུར་ནི་རིག་གནས་གཉིས་བར་གྱི་འབྲེལ་འདྲིས་ཡིན་ལ། ཡིག་བསྒྱུར་ཚད་དུ་རུང་བ་ཞིག་ལ་མཚོན་ན། རིག་གནས་གཉིས་ཀར་རྒྱུས་མངའ་ཡོད་རྒྱུ་དེ་སྐད་རིགས་གཉིས་ལ་བྱང་ཆ་ཡོད་པ་ལས་ཀྱང་གལ་ཆེ་བ་ཞིག་རེད། རྒྱུ་མཚན་ནི་སྐད་ཡིག་དེས་དེ་དང་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་ཁྲོད་ནས་ད་བཟོད་ནང་དོན་ཐོན་ཐུབ་པས་སོ།”(16)ཞེས་གསུངས་པ་བཞིན། གོང་གི་མི་སྣའི་བར་གྱི་ཁ་བརྡ་གླེང་མོལ་བྱས་པ་འདི་ལས། བསྒྱུར་རྩོམ་ལ་ཁྱད་ཆོས་གང་འདུག་ཞེ་ན། མ་རྩོམ་གྱི་རིག་གནས་རྒྱབ་ལྗོངས་ལ་བྱང་ཆ་ཡོད་ཅིང་། རྩོམ་པ་པོའི་མ་རྩོམ་དུ་བཀོད་པའི་ཁོར་ཡུག་དང་ཡུལ་ལྗོངས། དེ་མིན་མི་སྣའི་སེམས་ཁམས་དང་མི་སྣའི་བྱ་སྤྱོད་རེ་རེའང་ལོ་ཙཱ་བར་རྒྱུས་མངའ་ཡོད་ཅིང་། མ་རྩོམ་གྱི་རྩོམ་པ་པོའི་སེམས་ཀྱི་གཏིང་རིམ་དུ་འཛུལ་ནས་ལོ་ཙཱ་བྱས་ཡོད་པའི་རྣམ་པ་འདུག་པ་མ་ཟད། ལོ་ཙཱ་བས་རྩོམ་པ་པོའི་མ་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་རང་སོར་བཞག་ཡོད་པ་དང་། མ་རྩོམ་ལ་ཡང་བསྐྱར་ཕྱི་དོར་དང་མཛེས་བཟོ་ཐེངས་གཅིག་བྱས་པའི་ཁྱད་ཆོས་མངོན་འདུག
བདུན་པ། མ་རྩོམ་གྱི་རིག་གནས་རྒྱབ་ལྗོངས་རྒྱུས་ལོན་བྱས་ཏེ་ལོ་ཙཱ་བྱེད་པ།
          སྐད་ཆ་ནི་རིག་གནས་ཀྱི་བརྡ་བྱེད་ཅིག་ཡིན་ལ། ས་ཁོངས། ལོ་རྒྱུས། བསམ་བློའི་འཁྱེར་སོ་བཅས་མི་འདྲ་བ་ལ་བརྟེན་ནས་བྱུང་བའི་རིག་གནས་མི་འདྲ་བས། སྐད་ཆའི་སྒྱུ་རྩལ་ནི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། དེ་བཞིན་དུ་སྐད་ཆའི་སྒྱུ་རྩལ་ནི་རིག་གནས་གང་ཡིན་པ་དེའི་ངོ་བོ་སྟོན་བྱེད་ཀྱི་ཡོ་བྱད་ཅིག་ཡིན། དེ་བས་ཡིག་བསྒྱུར་གྱི་སྐབས་སུ། སྐད་རིགས་ཕན་ཚུན་གྱི་སྐད་ཆའི་སྒྱུ་རྩལ་གྱི་ཕྱིའི་ངོ་བོ་གཅིག་པུ་བསྒྱུར་བ་ཙམ་མ་ཡིན་པར་སྐད་རིགས་གཉིས་ལས་མངོན་པའི་སྐད་ཆའི་བརྗོད་དོན་གྱི་གཏིང་རིམ་གྱི་རིག་གནས་ཀྱི་བསྟན་བྱ་དེ་ལ་བསམ་གཞིགས་བྱས་ཏེ་བསྒྱུར་ན་ད་གཟོད་ཡིག་བསྒྱུར་གྱི་དགོས་པ་ཡོངས་སུ་འགྲུབ་ཐུབ།
          དཔེར་ན། མ་རྩོམ།作者次仁罗布《九眼石》
 “绝对不行,一定要先让他去自首。”李国庆以不容置疑的口气说。
“你能不能慈悲一点,先让他到医院,要不这条腿就给废掉了。”旦增达瓦跟李国庆说。  
“绝没有退让的余地。”李国庆拿出手机看,这里一点信号都没有。 
          འགྱུར་རྩོམ། “དེ་ལྟར་གཏན་ནས་མི་ཆོག  ངེས་པར་ཁོ་ལ་རང་ཉེས་ངོས་ལེན་བྱེད་དུ་གཞུག་དགོས”
“ཁྱོད་ཀྱིས་སྙིང་རྗེ་རེ་སྒོམ་ན་ཨེ་ཆོག་གམ། སྔོན་ལ་སྨན་ཁང་དུ་སོང་ན་འགྲིག དེ་ལྟ་བུ་མིན་ཚེ་རྐང་བ་གཅད་དགོས་རྒྱུ་རེད། ”བསྟན་འཛིན་ཟླ་བས་ལི་ཀུའོ་ཆིང་ལ་དེ་སྐད་སྨྲས།
“དོན་འདིའི་ཐད་གྲོས་བྱ་རྒྱུ་ཅི་ཡང་མེད།”ལི་ཀུའོ་ཆིང་གིས་ལག་འཁྱེར་ཁ་པར་བླངས་ནས་བལྟས་ཚེ། གནས་འདིར་བརྡ་རྟགས་ཅི་ཡང་མི་འདུག(17)
          མི་སྣའི་ཁ་བརྡའི་ཁྲོད་ཀྱི་ཐ་སྙད་ལས་འཕྲོས་པའི་མི་སྣ་ཕན་ཚུན་གྱི་འདུ་ཤེས་མི་འདྲ་བ་དང་། འདུ་ཤེས་དེ་ནི་མི་རིགས་སོ་སོའི་སྣང་ངོར་རྒྱུན་གོམས་སུ་སོང་བའི་བག་ཆགས་ཤིག་ཡིན། བག་ཆགས་དེ་འདྲ་ནི་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་པར་ལས་བྱུང་ཞིང་། འདུ་ཤེས་མི་འདྲ་བ་ལས་བསྐྱེད་པའི་བསམ་པའི་འཁྱེར་སོ་ཡང་ཡིན།དཔེར་ན། ལི་ཀུའོ་ཆིང་དང་བསྟན་འཛིན་ཟླ་བ་གཉིས་ཀྱི་ལབ་གླེང(དེ་ལྟར་གཏན་ནས་མི་ཆོག  ངེས་པར་རང་ཉེས་ངོས་ལེན་བྱེད་དུ་གཞུག་དགོས”“ཁྱོད་ཀྱིས་སྙིང་རྗེ་རེ་སྒོམ་ན་ཨེ་ཆོག་གམ། སྔོན་ལ་སྨན་ཁང་དུ་སོང་ན་འགྲིག)ལས་མི་སྣའི་བར་གྱི་ཁ་བརྡ་འདི་ལས། རིག་གནས་ཀྱི་རྒྱབ་ལྗོངས་མི་གཅིག་པའི་མི་སྣ་གཉིས་བར་གྱི་བསམ་བློ་གཏོང་སྟངས་མི་གཅིག་པ་དེ་མཚོན་ཡོད། འདི་ལྟ་བུའི་མི་སྣའི་ཁ་བརྡ་བསྒྱུར་དུས། ལོ་ཙཱ་བ་ནི་རིག་གནས་རྒྱབ་ལྗོངས་མི་གཅིག་པའི་མི་སྣ་གཉིས་ཀྱི་བསམ་བློ་རྟོགས་པའི་ཆེད་མཁས་པ་ཞིག་ཡིན་དགོས། “ཁ་སྐད་ནི་ངག་ཐོག་འབྲེལ་འདྲིས་ཀྱི་བརྡ་ཐབས་གལ་ཆེན་ཞིག་དང་། དེའི་བྱེད་ནུས་ནི་མ་ཡིག་ཁ་སྐད་ཡིན་པ་ལ་དེ་ལྟར་བསྒྱུར་ཚེ་ཡུལ་དང་དུས་གང་ཞིག་གི་ཐུན་མིན་གྱི་སྐད་དང་ཁྱད་ཆོས་ཇི་བཞིན་དུ་མཚོན་པས་སྐད་ཆའི་ཉམས་འགྱུར་ཐོན་ཞིང་སྒྱུ་རྩལ་གྱི་ཉམས་འགྱུར་རྫོགས་པ།”(18)ཞེས་པ་ལྟར། གོང་གི་འགྱུར་རྩོམ་ལ་ཆ་བཞག་ན། ལོ་ཙཱ་བས་སྐབས་འཕྲལ་དགོས་མཁོ་ལྟར། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཕན་ཚུན་གྱི་བསམ་བློ་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློའི་ནང་དོན་ལྟར་ཕབ་བསྒྱུར་བྱས་ཡོད་པ་ལྟ་བུའོ། །
བརྒྱད་པ། ཆད་བསྒྱུར་བྱས་ཡོད་པའི་རྣམ་པ།
          ཆད་བསྒྱུར་ནི་མ་ཡིག་ཁྲོད་ཀྱི་ཚིག་དུམ་དང་ཡང་ན་དུམ་ཚན་རེ་ལོ་ཙཱ་བས་བསྒྱུར་དུས་བོར་ཞིང་བསྒྱུར་རྩོམ་དུ་ཆད་ཡོད་པའི་རྣམ་པ་དེ་ལ་ཟེར།
          དཔེར་ན། 作者张坑坑:《把灯光调亮》“所谓蹊跷,只是一个说法。让卢娜郁闷的是,这人走后好多天,自己竟会常常想起他来。”ལྟ་བུ་ལ་མཚོན་ན། དུམ་ཚན་གཅིག་མ་གཞི་ནས་བསྒྱུར་རྩོམ་གྱི་ནང་ན་མེད་པའམ་ཆད་བསྒྱུར་བྱས་པའི་སྐྱོན་ཡོད། དེ་ལས་གཞན་ད་དུང་རྩོམ་ཡིག་འདིའི་མ་རྩོམ་ནང་དུ་དཔེར་ན།
          有一天晚上他来买书,书店这一线的店家,忽然跳闸了。她耐心等着她点亮了一支蜡烛,一遍安慰卢娜说:不要着急,等一歇歇就会来电的,只要线路没有坏掉就不要紧——ལྟ་བུའི་ཚིག་དུམ་གཅིག་གི་མཇུག་གི་ནང་དོན་སྐོར་ཞིག་ཆད་བསྒྱུར་བྱས་པའི་གནད་དོན་ཡོད། འདི་ལྟ་བུ་ནི་ནམ་རྒྱུན་ལོ་ཙཱ་བ་ཞིག་ལ་མཚོན་ན། འཐུས་ཤོར་སོང་བར་གཟབ་དགོས། མ་རྩོམ་གྱི་རྩོམ་པ་པོའི་ཡིག་འབྲུ་རེ་རེ་བྱས་ཏེ་གོ་བ་བླངས་རྗེས། དུམ་ཚན་རེ་རེའི་ནང་དོན་ཆད་ལྷག་མེད་པར་བསྒྱུར་བ་དང་།  དུམ་ཚན་ཁ་ཤས་བོར་བརླག་བྱུང་ཡོད་པའི་རྣམ་པ་འདི་ལའང་དོ་སྣང་བྱེད་དགོས་པ་ཞིག་རེད། 
མཇུག་བསྡུ་བ།
          སྒྲུང་གཏམ་ཡིག་བསྒྱུར་གྱི་སྐབས་སུ། ལོ་ཙྰ་བས་སྒྲུང་གཏམ་གྱི་བརྗོད་བྱའི་དོན་དང་མ་རྩོམ་གྱི་རྩོམ་གཤིས་དང་། ཁོར་ཡུག་ཞིབ་འབྲི། སེམས་ཁམས་ཞིབ་འབྲི། བྱེད་སྟངས་ཞིབ་འབྲི། མི་སྣ་ཕན་ཚུན་བར་གྱི་གླེང་མོལ་ཞིབ་འབྲི་བཅས་ཕྱོགས་མང་པོ་ཞིག་ལ་གཟབ་ནན་བྱེད་དགོས་ཤིང་། ནང་དོན་ཡིག་བསྒྱུར་བྱེད་སྐབས། སྒྲུང་གཏམ་ལོ་ཙཱའི་བླང་བྱ་དང་བསྟུན་ཏེ་རྣམ་པ་མི་འདྲ་བ་ལ་དམིགས་བསལ་གྱི་བསྒྱུར་ཐབས་མི་འདྲ་བའི་ཐབས་ཤེས་སྤྱད་དེ་གཅིག་ནས་ལོ་ཙཱའི་ཉམས་མྱོང་མང་པོ་གསོག་ཉར་བྱེད་པ་དང་། གཉིས་ནས་ལོ་ཙཱ་བ་རེ་རེའི་རང་གི་ལོ་ཙཱའི་ཆེད་ལས་ཀྱི་བྱང་ཚད་ཇེ་མཐོར་གཏོང་རྒྱུ་ཤིན་ཏུ་གལ་ཆེ་སྙམ་མོ། །
མཆན།
(1)《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བཏུས》རྩོམ་པ་པོ། ཀྲང་ཁང་ཁང་། རྩོམ་པ་པོའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི།  སྤྱི་ལོ༢༠༡༩ལོ། 《སྒྲུང་འབྲིང》(༢༠༡༦ལོ)《སྒྲོན་འོད་ཇེ་གསལ་དུ་གཏོང་རོགས》གངས་སྨྱོན་གྱིས་བསྒྱུར། ཤོག་ངོས༢༩༡ཤོག་ངོས༢༩༢
(2)(11)(12)ཁྲི་བསམ་གཏན་སོགས། བོད་རྒྱ་རྩོམ་རིག་ཞིབ་བསྡུར་གྱི་དཔྱད་བརྗོད། [M].མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོ། ཤོག་ངོས༡༩༡  ཤོག་ངོས༢༣༢ཤོག་ངོས༢༤༧.
(6)陈安定:《英汉比较翻译》[M].中国对外出版公司,2007:281.
(4)(8)《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བཏུས》རྩོམ་པ་པོ། ཀྲང་ཁང་ཁང་། རྩོམ་པ་པོའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི།  ༢༠༡༩ལོ། 《སྒྲུང་འབྲིང》(སྤྱི་ལོ་༢༠༡༦ལོ)《ནགས་ཀླུང་གི་ཁྲུས་ཁང》བསོད་ནམས་འཚོས་བསྒྱུར། ཤོག་ངོས༧༧ཤོག་ངོས༧༧
(5)《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བཏུས》རྩོམ་པ་པོ། ཡེ་ཀོང་ཆིན། རྩོམ་པ་པོའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི།  ༢༠༡༩ལོ། 《སྒྲུང་འབྲིང》(སྤྱི་ལོ་༢༠༡༦ལོ)《ཁའོ་ཡུའུ་ཀྲའེ་ལྡིང་ཁང》རང་སྒྲས་བསྒྱུར། ཤོག་ངོས༢༡༣
(3)(7)(16)(18)གཙོ་སྒྲིག་པ། རིག་འཛིན། རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་རྟོག་དཔྱོད།[M]. ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༡༩ལོ། ཤོག་ངོས༡༡༧ཤོག་ངོས ༦༦  ཤོག་ངོས༡༩༥  ཤོག་ངོས༡༨༡ 
(9)《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བཏུས》རྩོམ་པ་པོ། ཧའེ་ཧྥེས ། རྩོམ་པ་པོའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི།  ༢༠༡༩ལོ། 《སྒྲུང་འབྲིང》(སྤྱི་ལོ༢༠༡༣ལོ)《ཡུལ་བྱིའུ》རང་སྒྲས་བསྒྱུར། ཤཤོག་ངོས༡༢༥
(10)(13)《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བཏུས》རྩོམ་པ་པོ། ཐའོ་ཁྲུན། རྩོམ་པ་པོའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི།  ༢༠༡༩ལོ། 《སྒྲུང་འབྲིང》(སྤྱི་ལོ་༢༠༡༦ལོ)《ཐེན་ཡིག》རང་རྩེན་གྱིས་བསྒྱུར། ཤོག་ངོས༡༨༠  ཤོག་ངོས༡༨༠
(14)(17)《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བཏུས》རྩོམ་པ་པོ། ཚེ་རིང་ནོར་བུ་། རྩོམ་པ་པོའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི།  ༢༠༡༩ལོ། 《སྒྲུང་ཐུང》(སྤྱི་ལོ་༢༠༡༦ལོ)《གཟི་མིག་དགུ་པ》བཀྲ་ཤིས་དོན་འགྲུབ་ཀྱིས་བསྒྱུར། ཤོག་ངོས༡༢༠ནས༡༢༡  ཤོག་ངོས༡༢༢
(15)སྒྱུར་སྒྲིག་པ། ར་ས་བསྟན་འཛིན་ཆོས་གྲགས། སྐྱིད་ཆུ་བསྟན་འཛིན་ཉི་མ། ནུབ་ཕྱོགས་ལོ་ཙཱའི་ལོ་རྒྱུས་བསྡུས་མ། [M].མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས༡༢