ཨོཾ་སྭ་སྟི།།དྲུག་ཅུའི་དབྱངས་ལྡན་ཚངས་དབྱངས་གསུང་། །བརྒྱད་ལྡན་ཆབ་ཀྱིས་སྐལ་ལྡན་བློའི། །ཚ་གདུང་འཇིལ་མཛད་གངྒཱ་ཆེ། །དྲིན་ཅན་བླ་མར་སྙིང་ནས་འདུད། །མཁས་པའི་མན་ངག་ཞལ་ལུང་གི །བདུད་རྩིའི་འོ་མཚོ་བསྐྱིལ་བ་ལས། །ཐིགས་གཅིག་ཙམ་ཞིག་ཁྱོད་བློ་ཡི། །བུམ་བཟང་འགེངས་པའི་བཅུད་དུ་འབུལ། །ལུགས་གཉིས་བླང་དོར་མ་ནོར་བའི། །འཇུག་སྒོར་བརྩོན་པས་འབད་བྱས་ན། །དེད་དཔོན་ཤེས་ལྡན་རྒྱ་མཚོ་ཆེར། །ཞུགས་ཏ་རིན་ཆེན་ལོན་དང་འདྲ། །གཞན་དུ་མ་རབས་ལ་སྤྱོད་པ། །བ་ཚཱའི་ཁྲོན་པ་འདམ་རྫབ་ཀྱིས། །སྦགས་པ་ལོངས་སུ་མི་སྤྱོད་ལྟར། །སྐྱེ་བོ་ཀུན་གྱིས་འཕྱ་དམོད་བྱེད། །དེ་ཕྱིར་ལུགས་བཟང་སྤྱོད་ཚུལ་གྱི། །གཙང་མའི་ཆུ་བོར་ལུས་ཡིད་ངག །མི་དགེའི་དྲི་མ་འཁྲུད་བྱེད་ལ། །བརྩོན་པ་ནམ་ཡང་མི་འདོར་གནད། །ཆུ་ཕྲན་འབུམ་ཕྲག་རྒྱུན་བབས་པས། །རྒྱ་མཚོ་རབ་ཏུ་འཕེལ་བ་ལྟར། །ལེགས་བཤད་ཆེ་ཆུང་ཅི་འདྲ་ཡང་། །ཁེངས་པར་མི་བྱ་བློ་ཡིས་ཟུང་། །བྱ་བྱེད་ཇི་ལྟར་འབད་ན་ཡང་། །བློ་ཕུགས་མཆོག་གསུམ་ལ་གཏོད་ན། །གངས་ཆེན་ལས་འོངས་ཆུ་གཏེར་བཞིན། །ཕུགས་སུ་ཉམས་པ་འབྱུང་མི་སྲིད། །སྤྲོ་ཐུང་བློ་ཡིས་ཉེར་བསྐྲུན་པའི། །བྱ་བ་ཕ་མཐར་སོན་པ་དཀའ། །བྱེ་མའི་ཐང་ལ་ཆུ་ཕྲན་རྣམས། །ཡུན་རིང་སྣང་བར་མི་ནུས་སོ། །བསམ་པ་མེད་པར་གྱ་ཚོམ་དུ། །བྱ་ང་གང་ཡང་རུང་མིན་ཏེ། །གློ་བུར་ཤྭ་འོད་དྲག་པོ་དེ། །རང་ལམ་དག་ལ་གནོད་པར་བྱེད། །དོན་ཆེན་ཡུན་དུ་འབད་པའི་སེམས། །ལྷོད་པར་མི་བྱ་ངང་བསྲིངས་ཏེ། །བསྒྲུབས་ན་འགྲུབ་པ་ཆུ་ཆེན་དག །དལ་འབབ་ཆེ་ན་སྐོར་པར་འགྱུར། །འདོད་པ་ཐོག་ཏུ་བབས་པའི་ཚེ། །སྙིང་ཁམས་མ་ཆུང་སྲན་ཕོད་དེ། །འབད་བྱ་དགོས་གཙང་ཆུ་དག །ངལ་བརྒྱས་ཡུར་དུ་འདྲེན་དགོས་བཞིན། །མི་ནུས་བྱ་བྱེད་གཞན་དག་གིས། །བསྐུལ་ཡང་བྱ་བར་མི་རུང་སྟེ། །རང་སྲོག་ཕངས་མེད་ཆུར་མཆོང་བ། །སུ་ཡིས་བྱ་རུང་མངོན་པར་སེམས། །ཆུ་ཀླུང་ཆེ་ཡང་ཐོག་མའི་རྒྱུན། །གངས་ཀྱི་རི་བོར་བརྟེན་དགོས་ལྟར། །ཆོས་མཐུན་ཡ་རབས་མཛངས་སྤྱོད་པའི། །རྗེ་བོ་ཞིག་ལ་ཚུལ་བཞིན་བཏུད། །དེ་ལྟར་གྱུར་ན་རྒྱ་མཚོ་དང་། །རྣམ་བཞིའི་ཆུ་བོ་ཇི་བཞིན་དུ། །ཕན་ཚུན་གཅིག་གྲོགས་གཅིག་འགྱུར་ཏེ། །གཞན་གྱིས་དམའ་དབབ་མི་ནུས་སོ། །བློ་གྲོས་མཐུན་པའི་མི་དག་གིས། །བྱ་བ་གང་ཡང་དཀའ་མིན་ཏེ། །ཆུ་མང་ཡུར་བ་གཅིག་དྲངས་པས། །ས་ཞིང་རྒྱ་ཆེར་འདུལ་ལ་ལྟོས། །བློ་གྲོས་ཆེ་ཡང་རང་འདོད་ཀྱིས། །ངོ་ཚའི་གདོང་པ་བསྒྲིགས་པའི་གྲོགས། །བསྟེན་པར་མི་བྱ་རུལ་བའི་ཆུ། །སྐོམ་དུ་བཏུང་བ་སུ་ཡིས་ཕོད། །རྟག་ཏུ་ཀུ་ཅོ་སྒྲོག་པ་ཡི། །ཆུ་ཀླུང་རྣ་བར་གཟན་པ་ལྟར། །དགོས་མེད་སྐྱོན་ཡོན་བརྗོད་པ་ཡི། །ངག་འཁྱལ་གཞན་གྱི་སེམས་ལ་གཟན། །བྱེ་མར་བཅོས་པའི་ཀོང་བུ་རུ། །ཆུ་བླུག་གཉིས་ཀ་ཆུད་གཟོན་བཞིན། །མ་རབས་སྤྱོད་པའི་གྲོགས་ངན་དག །འགྲོགས་ན་རང་གཞན་ཕུང་བར་འགྱུར། །ཁོང་ཁྲོས་གཞན་ལ་ངན་སྨྲས་དང་། །སྤྱོད་ལམ་ཁྲོ་བར་བྱས་གྱུར་ན། །ཀུན་གྱིས་མི་བསྟེན་མཐར་འབུད་པ། །རྒྱ་མཚོའི་ནང་གི་རོ་ཇི་བཞིན། །གཞན་ཟེར་ཉན་པའི་ཡིད་མཐུན་གྲོགས། །མི་རིང་དབྱེན་གྱིས་བྲལ་བར་འགྱུར། །ཆུ་དང་འོ་མ་གཅིག་འདྲེས་ཀྱང་། །རུས་སྦལ་གྱིས་ནི་སོ་སོར་འབྱེད། །དྲང་པོའི་སར་གནས་བློ་ལྡན་དེ། །འཕྲལ་དུ་ཉམས་ཀྱང་གསོས་གྱུར་པ། །གངས་ལ་བརྟེན་པའི་རྫིང་བུ་དགབཅུས་ཀྱང་དེ་མ་ཐག་འགེངས་བཞིན། །ཁེངས་དྲེགས་ཁྲོ་བའི་དབང་སོང་ན། །གཉེན་ཡང་དགྲ་རུ་ལྡང་གྱུར་ཏེ། །སེར། །བ་ཆུ་ཡི་རང་བཞིན་ཡང་། །ལོ་ཏོག་འཇོམས་པས་གེགས་སུ་འགྱུར། །དྭངས་བསིལ་ཡན་ལག་བརྒྱད་ལྡན་ཆུར། །ཀུན་ཀྱང་དགའ་བའི་ཁྲུས་བྱེད་ལྟར། །བསམ་བཟང་བློ་གྲོས་ཆེ་ལྡན་དེ། །ཡ་རབས་ཀུན་གྱིས་གཙུག་ཏུ་བསྟེན། །དགུ་གིས་སྦགས་པའི་ཀླུང་རྒྱུན་དག །དྭངས་ཤིང་བསིལ་ཡང་བཏུང་བྱ་རུ། །མི་འོས་མི་བསྲུན་སྐྱེ་བོ་དག །བརྩེ་ཡང་འགྲོགས་པར་བྱ་མི་རུང་། །གྱ་གྱུར་འབབ་པའི་ཀླུང་གི་རྒྱུན། །ཤུགས་ཀྱིས་ཐུར་དུ་འགྲོ་བར་བྱེད། །བརྩོན་པའི་སྟོབས་དང་བློ་གྲོས་དམན། །བྱ་བྱེད་འཕྲལ་གང་འགྲུབ་འདྲ་ཡང་།ལྟག་ཆུ་ཆུད་པའི་རྫིང་བུ་བཞིན། །དེ་ལྟའི་མོད་ལ་འགྲིབ་པར་འགྱུར། །གཞན་གྱི་བདེ་ལ་ཕྲག་དོག་པའི། །མི་བཟོད་བྱ་བྱེད་རྩོམ་པ་གང་། །བྱེ་ཐང་རྒྱུག་པའི་ཆུ་ཀླུང་བཞིན། །རང་ཉིད་ངལ་བ་ཙམ་དུ་ཟད། །དམའ་བ་དག་དང་ཉམ་ཆུང་བར། །བརྙས་སྨོད་ཐོ་ཅོ་མི་བྱ་སྟེ། །རྫིང་བུ་ཆུང་ངུར་བརྒལ་བ་ཡིས། །ལུས་སྲོག་བྲལ་བ་མང་དུ་མཐོང་། །ཆུ་བོའི་མཐར་བརྒལ་འདོད་ན། །གྲུ་དང་ཟམ་ལ་བརྟེན་པ་བཞིན། །དགྲ་ལས་རྒྱལ་འདོད་ཐབས་ཤེས་ཀྱི། །ཚུལ་ལ་བརྩོན་པ་མི་འདོར་དགོས། །སེར་སྣས་བཅིངས་པའི་སྐྱེ་བོ་དེས། །ནོར་མང་ལྡན་ཡང་སྤྱོད་མི་ཤེས། །རྒྱ་མཚོའི་འགྲམ་གནས་ཡི་དྭགས་རྣམས། །སྐོམ་ནས་འཆི་བར་འགྱུར་བས་སོ། །རང་བྱུང་ཆུ་མིག་ས་སོགས་ཀྱིས། །མནན་པས་འགོག་པར་མི་ནུས་ལྟར། །བསོད་ནམས་དཔུང་པས་མཐོ་བ་དེ། །དགྲ་བོ་གཅིག་པུས་ག་ལ་རླག །དེའི་ཕྱེར་བསོད་ནམས་འཕེལ་བའི་ཐབས། །མཆོག་གསུམ་མཆོད་སོགས་དགེ་བཅུ་ལ། །བརྩོན་པ་མི་འདོར་གངས་ཀྱི་རྒྱུན། །ཡང་ཡང་འབབ་པའི་མཚོ་བཞིན་གྱུར། །རྒྱ་མཚོ་ཆེ་ལས་ཆར་གྱི་རྒྱུན། །དེ་ལས་རྒྱ་མཚོ་གང་བ་བཞིན། །དགེ་བའི་མཐུ་ལས་དལ་འབྱོར་་ཐོབ། །དེ་ལས་སྤྱིན་སོགས་དགེ་ཚོགས་འགྲུབ། །སྤང་བླང་བྱ་བ་མ་འཆོལ་བར། །ཚུལ་བཞིན་སྤྱད་ན་དགེར་འགྱུར་ཏེ། །ལྷ་ཡིས་བདུད་རྩི་མ་ནོར་བ། །སྤྱད་ན་འཆི་མེད་གསོས་སུ་འགྱུར། །སྔོན་གྱི་མཁས་རྣམས་གང་སྤྱོད་པའི། །བྱ་བར་ཞུགས་ན་འཚེངས་འགྱུར་བ། །འགྲོས་ལྡན་ཤུགས་ཀྱིས་ཉེར་བཅལ་བའི། །རབ་ལམ་ནོར་སྐྱོང་བགྲོད་པ་བཞིན། །ཕུ་ཐག་མེད་པའི་ཆུ་ཀླུང་རྒྱུན། །འ་འུར་ཆེ་ཡང་དེ་མ་ཐག །ཉམས་པ་དེ་བཞིན་གྲགས་འདོད་ཀྱིས། །བླུན་པོ་རང་གིས་ངང་ཚུལ་སྟོན། །མངའ་ཐང་ལོངས་སྤྱོད་རྒྱས་ལྡན་པ། །ཀུན་ཀྱང་བསོད་ནམས་གསོག་དགོས་ཤིང་། །དེ་ལས་ཉམས་ན་རྒུད་པ་སླ། །ཆུ་དང་བྲལ་བའི་ཉ་མོ་བཞིན། །འཕྲུལ་འཁོར་ལ་བརྟེན་འབབ་ཆུའི་རྒྱུན། །རི་ཡི་རྩེ་མོར་དྲངས་སྲིད་ལྟར། །འཇིག་རྟེན་བྱ་བྱེད་བསམ་བཟང་གིས། །ཆོས་བཞིན་སྤྱད་ན་དགེ་བར་འགྱུར། །དེ་ལྟ་ན་ཡང་ལམ་ཟབ་ཀྱི། །ཆུ་ཡིས་བརླན་པར་མ་གྱུར་ན། །ཀུན་མཁྱེན་ཡེ་ཤེས་འབྲས་སྨིན་པའི། །ཞིང་སར་མྱུ་གུ་འཁྲུངས་མི་འགྱུར། །དེ་ཕྱིར་ཁ་བའི་ས་འཛིན་ལ། །ཐུག་པའི་ཆུ་མགོ་ཇི་བཞིན་དུ། །རྒྱལ་གསུང་དྲི་མེད་དགོངས་དོན་ལས། །བྱུང་བའི་ལམ་བཟང་སྒྲུབ་ལ་བརྩོན། །གངྒཱའི་འགྲམ་དུ་བ་ཚའི་ཆུར། །སྤྱོད་པར་མི་བྱ་དེ་བཞིན་དུ། །བློ་བཟང་གྲགས་བསྟན་རིང་ལུགས་ལས། །གོལ་བར་སྤྱོད་ལྡན་སུ་ཞིག་སྤྱོད། །འགའ་ཞིག་ལྟར་སྣང་མངོན་ཤེས་ཙམ། །ཐོབ་བྱ་མཆོག་རློམས་ཉི་ཚེ་བའི། །མུན་སྒོམ་སྤྱོད་སོགས་སྨིག་རྒྱུ་ལ། །ཆུར་འཁྲུལ་རི་དྭགས་ཅིས་མི་མཚུངས། །དེ་ཕྱིར་ལམ་སྟོན་དགེ་བའི་བཤེས། །དེད་དཔོན་ཆེ་ལ་བརྟེན་བྱས་ནས།མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་ཆེར། །ཐོས་པས་ངོམས་པ་མེད་པར་བྱ། །ལམ་གྱི་ཐོག་མཐའ་བར་ཀུན་ཏུ། །བཤེས་གཉེན་བསྟེན་ཚུལ་གཞིར་བཟུང་བ། །ས་ཆེན་ཡངས་པའི་ཁྱོན་འདི་ཡང་། །རྒྱ་མཚོ་ཆེ་ལ་བརྟེན་པ་བཞིན། །ཆོས་ཀྱི་ཚུལ་དོན་རྟོགས་དཀའ་བར།བསམ་སྟེ་སྒྱིད་ལུག་མི་བྱ་བར། །གང་བྱུང་རྟོགས་པ་ལྷུར་བྱ་བ། །ཆུ་ཕྲན་བཏུང་པས་སྐོམ་སེལ་བཞིན། །ཐོས་པར་གྱུར་ཀྱང་སྡིག་པ་སྤོང། །དགེ་སྒྲུབ་རྒྱུད་ལ་མ་སྦྱར་ན། །རང་རྒྱུད་མི་དུལ་ཆུ་ཡི་ནང་། །རྡོ་བ་རློན་པར་མི་འགྱུར་གྲང་། །ཆུ་ཀླུང་རྒྱ་མཚོ་དེ་ལས་སྤྲིན། །དེ་ལས་ཆར་བྱུང་འཁོར་བ་ལྟར། །སྲིད་རྩེ་ནས་བཟུང་མནར་མེད་ཀྱི། །བར་འདིར་དབང་མེད་ལས་ཀྱིས་འཁོར། །དེང་དུས་དགེ་བའི་ལས་ཀྱི་མཐུ། །ལྷ་ཡི་རྒྱལ་པོས་ཆར་ཕབ་ལས། །དལ་འབྱོར་རྟེན་བཟང་ས་བོན་གྱི། །ལེགས་བྱས་མྱུ་གུ་སྨིན་པ་འདི། །རི་གཟར་དྲག་པོའི་འབབ་ཆུ་ལྟར། །སྐད་ཅིག་སྐད་ཅིག་རེ་ལ་ཡང་། །སྡོད་པར་མི་བྱ་མྱུར་འགྲོ་བའི། །ཚུལ་ལ་ངེས་པ་བརྟན་པོ་དྲོངས། །ནམ་ཞིག་འཆི་བའི་རྒྱ་མཚོ་ཆེར། །གཤིན་རྗེའི་ཆུ་སྲིན་མི་བཟད་པས། །གཙེས་པར་གྱུར་ན་གང་གིས་ཀྱང་། །ཕན་པར་དཀའ་བའི་ཚུལ་ལ་སོམས། །དེ་ཚེ་གང་གིས་ཕན་སྙམ་ན། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཞལ་ལུང་ལས་འོངས་བདུད་རྩིའི་ཆུ། །རྙོག་བྲལ་འཐུང་བས་ཕན་པ་གྲུབ། །གཞན་དུ་ཆུ་གཉེར་བཞིན་མཐུད་པའི། །ཟིན་མེད་བྱ་བྱེད་སྣ་ཚོགས་ཀྱི། །དབང་སོང་ཉི་བུས་ཟིན་གྱུར་ན། །ངན་སོང་རྒྱ་མཚོར་ལྷུང་བར་འགྱུར། །གནས་དེར་རྡོ་སོལ་ཞུན་སྦགས་པའི། །རབ་ཏུ་འཁོལ་བའི་ཆུ་དག་གིས། །ཆ་ཙམ་བསྒྲུན་པར་མི་ནུས་པའི། །རབ་འབར་ཁྲོ་ཆུའི་ནང་དུ་འཚོད། །འགའ་ཞིག་ཤིན་ཏུ་གྲང་བ་ཡིས། །འཁྱགས་པའི་གོས་ཀྱང་བགོས་མེད་པར། །རྦ་ཀློང་འཚུབ་ཅིང་འཁྲུག་པ་ཡི། །ནང་དུ་ཤ་རུས་བགས་པར་བྱེད། །ཡི་དྭགས་སྐྱེས་ཚེ་སྐོམ་པ་ཡིས། །གདུངས་པས་ཆུ་བོར་བལྟས་ཙམ་གྱིས། །བྱེ་ཚན་ནང་དུ་ཀླུང་རྒྱུན་བཞིན། །ཡུད་ཀྱིས་མེད་པར་གྱུར་འདི་མཚར། །དུད་འགྲོར་གྱུར་ན་གཅིག་ལ་གཅིག །ཟ་བའི་སྡུག་བསྔལ་མྱོང་འགྱུར་བ། །རྒྱ་མཚོ་ཆེར་གནས་ཆུ་སྲིན་ཡང་། །གྲངས་མེད་འབུ་ཡིས་ཟ་བར་བྱེད། །དེ་ལྟར་མི་བཟད་སྡུག་བསྔལ་གྱི། །ཚོར་བ་དེ་ལས་སྐྱོབ་པའི་སྐྱབས། །མཆོག་གསུམ་ཁོ་ན་སྲིད་མཚོ་ལས། །སྒྲོལ་བའི་མཉན་པ་ཉག་གཅིག་ལགས། །དེ་ལས་གཞན་དུ་འཇིག་རྟེན་གྱི། །ལྷ་ལ་སྐྱབས་སུ་འཆའ་བ་དག །གྲུ་རྫིང་གཞིགས་པའི་མི་དག་ལ། །བརྟེན་ནས་ཆུ་ལས་སྒྲོལ་འདོད་བཞིན། །དེ་ཡང་ཡིད་ཆེས་དད་པའི་ཤུགས།ལྷན་ཅིག་ཚོགས་ལ་རག་ལས་ཏེ། །ཆུ་ཡིས་ནོན་པའི་ཞིང་ས་དེ། །ས་བོན་མ་བཏབ་ག་ལ་སྐྱེ། །སྙིང་ནས་ལེགས་ཉེས་ཅི་བྱུང་ཡང་། །རེ་བལྟོས་མཆོག་གསུམ་ཁོ་ན་རུ། །ངེས་རྙེད་སྐྱབས་གསོལ་རྒྱ་མཚོ་བཞིན། །རྟག་ཏུ་གཡོ་བ་མེད་པར་བྱ། །ཟླ་བའི་མ་མའི་རླབས་ཀྱི་འཕྲེང་། །དུས་ལས་ཡོལ་བ་མེད་པ་ལྟར།དཀར་ནག་ལས་འབྲས་བདེ་སྡུག་གི། །རྣམ་སྨིན་མ་འཆོལ་ངེས་པར་འབྱུང་། །སྡིག་ལ་བག་མེད་སྤྱད་གྱུར་ན། །རིན་ཆེན་གསུམ་གྱིས་བསྐྱབ་དཀའ་བ། །བུག་ཅན་ཀོ་བས་འབབ་ཆུ་ལས།མཉན་པ་མཁས་ཀྱང་ཇི་ལྟར་སྒྲོལ། །གཏོང་མཐའ་མི་མངོན་ཆུ་ཆེན་ངོགས། །བག་མེད་བརྒལ་བ་བླུན་པ་ལྟར། །ཡིད་བརྟན་མི་རུང་སྲིད་འབྱོར་ལ། །ཆགས་པ་དེ་ལས་བླུན་པ་གང་། །དཔལ་འབྱོར་ཕུན་ཚོགས་བདེ་འགྲོའི་རྟེན། །ཐོབ་ཀྱང་དམ་ཆོས་མ་བསྒྲུབས་ན། །མི་རིང་ཉམས་པ་རྩྭས་ཁེངས་པའི། །ཆུ་སྟེང་རྡོག་པས་མནན་པ་བཞིན། །བདེ་བར་འདོད་ཀྱང་སྡུག་བསྔལ་གྱི། །རང་བཞིན་འཁོར་བའི་ངང་ཚུལ་དག །སྙིང་པོ་མེད་པ་ཆུ་ཡི་སྟེང།ཆུ་བུར་དེ་བཞིན་རྟག་ཏུ་སོམས། །རྒྱ་མཚོ་ཆེ་ནང་དེད་དཔོན་གྱིས། །རིན་ཆེན་རབ་ཏུ་བརྟག་པ་ལྟར། །རྟེན་འབྲེལ་འཁོར་བའི་འཇུག་ལྡོག་ལ། །ལེགས་པར་དཔྱད་པ་གནད་དུ་ཆེ།ཐོག་མེད་ནས་བསགས་ལས་ཀྱི་འབྲས། །རིང་ཞིག་ལོན་ཡང་ཆུད་མི་ཟ། །འཁྱགས་པའི་སྦུབས་ཆུད་ཆུ་དེ་ཡང་།དཔྱིད་དུས་སླར་ཡང་རྡོལ་བར་འགྱུར། །དྲོད་ཀྱིས་བསྐྱངས་པའི་ཆུ་དག་གིས། །གཅོང་ནད་དྲུངས་ནས་འབྱིན་པ་ལྟར། །རྣམ་བྱང་ཆོས་ཀྱིས་འཁོར་བ་ཡི། །རྩ་བ་མ་རིག་རྩད་ནས་ཆོད། །དེད་དཔོན་མཁས་པས་རྒྱ་མཚོ་ཆེར། །གཉེན་བཤེས་ཀུན་བོར་མི་རུང་ལྟར། །རང་དོན་ཁོ་ནས་མར་གྱུར་འགྲོ། །ཡལ་རབ་འདོར་བ་སུ་ཡིས་བཟོད། །དྭངས་བསིལ་ཆུར་གསལ་ཟླ་བའི་གཟུགས། །གཡོ་དང་རང་བཞིན་ངེས་སྟོང་བའི། །འགྲོ་བ་དག་ལ་དམིགས་པ་ཡིས། །སྙིང་རྗེ་གསུམ་ལ་གོམས་པར་བྱ། །འཛམ་གླིང་ཆུ་ཀླུང་ཇི་སྙེད་དག །མ་དྲོས་ཀླུ་དབང་ལས་བྱུང་ལྟར། །ཐེག་ཆེན་ལམ་གང་བསྐྱེད་པའི་རྟེན། །རིན་ཆེན་བྱང་ཆུབ་སེམས་མཆོག་ཟུངས། །རྩ་བ་དུག་དང་སྨན་དག་ལས། །དུག་དང་སྨན་གྱི་ཚུལ་འབྱེད་ལྟར། །ཐེག་པ་ཆེ་ཆུང་སེམས་བསྐྱེད་སྟོབས། །འདི་ཡིས་ངེས་པར་དབྱེ་བར་བྱ། །ཆུ་ཐིགས་གཅིག་ཞིག་རྒྱ་མཚོའི་ནང་། །འཕོ་བས་ཟད་མི་འགྱུར་དེ་བཞིན། །སེམས་འདིས་ཟིན་པའི་དགེ་རྩའི་སྟོབས། །བྱང་ཆུབ་མ་ཐོབ་བར་མི་འཛད། །ཆུ་ཕྲན་དཔག་མེད་རྒྱུ་བ་དག །ཡུར་བ་གཅིག་ཏུ་འདྲེན་པ་བཞིན། །རྒྱལ་སྲས་སྤྱོད་ཚོགས་ཕ་མཐའ་ཡས། །ཕྱིན་དྲུག་ཉམས་ལེན་བྱ་བར་འདུས། །དབུལ་ཞིང་ཕོངས་པའི་འདམ་རྫབ་ཀྱིས་སྦགས་པའི་གཅོང་རོང་ཀླུང་རྒྱུན་དག །སྦྱིན་པའི་ནོར་བུ་ཀེ་ཏུ་ཀས། །རྙོག་མ་དྲུངས་ནས་འབྱིན་པར་བྱེད། །གཙང་མའི་བསླབ་གསུམ་ཁྲིམས་ལྡན་པའི། །ལྷ་ཡི་དྲང་སྲོང་ཨ ་གསྟྱས། །ཉེས་ལྟུང་ཀླུང་རྒྱུན་ཧུབ་གཅིག་གིས། །དྲངས་ཏེ་ཉེས་བྲལ་བདུད་རྩིར་བྱས། །ཁོང་ཁྲོའི་ཆུ་བཤལ་ག ཅིག་ཉིད་ཀྱིས། །ངལ་བརྒྱས་འབད་པའི་དགེ་རྩ་ཡི། །ས་ཞིང་རིངས་པར་བརླག་འགྱུར་བས། །བཟོད་པའི་ཆུ་ལོན་བརྟན་པར་བྱ། །དགེ་ལ་སྤྲོ་བའི་བརྩོན་འགྲུ་སྟོབས། །ཆུ་ཡི་གཟེགས་མ་རྟག་འབབ་པས། །སྟོབས་ལྡན་ཉོན་མོངས་བྲག་རི་དགརིམ་གྱིས་ཕིགས་ནས་ཐལ་བར་རློག །རྣམ་གཡེང་རླུང་གིས་མི་གཡོ་ཞིང་། །བྱིང་རྒོང་རྙོག་མ་དང་བྲལ་བའི། །ཏིང་འཛིན་དྭངས་པའི་ཡིད་ཀྱི་མཚོར། །ཡོན་ཏན་གཟུགས་བརྙན་ཅི་ཡང་འཆར། །འཇིག་ལྟའི་མཆེ་སྡེར་རབ་འབར་བའི། །ཤེས་ཉོན་ཆུ་སྲིན་བསྒྲལ་བའི་ཕྱིར། །རྣམ་དག་ཡེ་ཤེས་རྒྱ་མཚོའི་ནང་། །ཡང་དག་ལྟ་བའི་དུང་དཀར་འཕྱོ། །དེ་ལྟར་ཕ་རོལ་ཕྱིན་དྲུག་གི།སྤྱོད་ཚོགས་རྒྱ་མཚོར་རྟག་བརྩོན་ཏེ། །བསྡུ་བ་རྣམ་བཞིའི་སྤྲིན་ངོགས་ལས། །གཞན་དོན་ཆང་གྱི་རྒྱུན་བཟང་འབེབས། །ཆུ་གཏེར་རྣམ་བཞི་རྒྱ་མཚོའི་ངོགས། །སོང་ཚེ་གཅིག་ཏུ་གྱུར་པ་བཞིན། །སྟོང་དང་རྟེན་འབྲེལ་ངོ་བོ་དག །རོ་གཅིག་གྱུར་པའི་གནས་ལུགས་གཟིགས། །ཐུན་མོང་ལམ་གྱི་ཆུ་བོ་ཡིས། །རང་རྒྱུད་བརླན་པར་གྱུར་པ་ན། །ཟུང་འཇུག་ཡིད་བཞིན་དབང་གི་རྒྱལ། །ལེན་ཕྱིར་ཐུན་མིན་རྒྱ་མཚོར་ཞུགས། །རྡོ་རྗེ་འཛིན་པའི་དེད་དཔོན་ལ། །བརྟེན་ནས་དབང་གི་ཆུ་བོ་བཞིས། །ཉོན་མོངས་ལྗན་ལྗིན་དྲི་མ་དག །འཁྲུད་པའི་སྦྱོར་བ་ལ་བརྩོན་མཛོས། །དངོས་གྲུབ་རྩ་བ་དམ་ཚིག་སྡོམ། །ཚུལ་བཞིན་བསྲུང་བའི་དག་བྱེད་རྫས། །ལེགས་པར་བལྟམས་པའི་དྲི་ཡི་ཆུས། །བློ་ཡི་དུད་ཆོས་འགེངས་པར་བྱ། །འབར་བའི་མེ་ལྕེའི་འོད་ཀྱི་འཕྲེང་། །གསོད་བྱེད་གཉེན་པོ་ཆུ་བཞིན་དུ། །བསྐྱེད་རིམ་རྣལ་འབྱོར་ཕྲ་རགས་ཀྱིས། །ཐ་མལ་སྣང་ཞེན་ཀུན་རྟོག་བཅོམ། །སྤྲུལ་པའི་འཁོར་ལོར་སེམས་བསྣུན་པས། །ཟླ་ཉི་སྒྲ་གཅན་རྒྱུ་བཀག་སྟེ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །དགའ་བཞིའི་ཡེ་ཤེས་འདྲེན་པར་ནུས། །ཤིན་ཏུ་དྭངས་པའི་ཆུ་ཉིད་ལས། །ཆུ་བུར་ཇི་བཞིན་གཉུག་མ་ཡི། །རླུང་སེམས་ལས་གྲུབ་སྒྱུ་ལུས་ཀྱིས། །ངོ་མཚར་མཚན་དཔེའི་གཟུགས་བརྙན་བཀྲ། །དེ་ཡང་གདོད་ནས་མ་གྲུབ་པའི། །སྟོང་པའི་ངང་དུས་སྦྱངས་པས་། །ཆུ་བུར་ཆུར་ཐིམ་ཇི་བཞིན་དུ། །དོན་གྱི་འོད་གསལ་དབྱིངས་སུ་ཐིམ། །རྒྱ་མཚོའི་རླབས་པ་མཁར་སོང་བས། །གློ་བུར་ཆུ་འཛིན་ཚོགས་འདུས་ལྟར། །བདེ་སྟོང་ངང་ལས་སློབ་མི་སློབ།ཟུང་འཇུག་གོ་འཕང་རིམ་བགྲོད་འགྱུར། །སླར་ཡང་མཁྱེན་བརྩེའི་སྤྲིན་ཚོགས་ལས། །ལྷུན་གྲུབ་ཆོས་ཀྱི་ཆར་ཕབ་པས། །སྐལ་ལྡན་ཞིང་སར་ཀུན་མཁྱེན་གྱི། །ཡེ་ཤེས་མྱུ་གུ་ཅི་ཡང་བསྒྲུབ། །ཚུལ་འདིའང་དཀོན་མཆོག་གསུམ་འདུས་དངོས། །འཇམ་མགོན་བསྟན་པའི་སྒྲོན་མེ་མཆོག །གང་གི་ཞལ་ལུང་ཆུ་ཡི་གཏེར། །རྣམ་བཞིའི་བགྲོད་པའི་རྗེས་སུ་བསྒྲུབས། །ངལ་བ་བརྒྱ་བརྒྱས་ཐིགས་རེ་ནས། །བསགས་པའི་ཉུང་ངུའི་ལེགས་བཤད་ཀྱི། །ཀླུང་རྒྱུན་འདི་ཡང་འཐུང་འདོད་པ། །གང་དག་བློ་ཡི་ཧུབ་ཀྱིས་ལོངས། །རྨོངས་པའི་དབང་གྱུར་ལོག་བཤད་ཀྱི། །བ་ཚྭའི་སྐྱོན་གྱིས་སྦགས་པའི་ཆབ། །མཆིས་ན་མཁས་གྲུབ་ཀླུ་ཡི་དབང་། །དྲུང་དུ་ཉེས་དང་ལྷན་ཅིག་བཤགས། །དེ་ལྟར་ལུགས་ཟུང་ཉམས་ལེན་སྤྱོད། །ཚུལ་དག་ཆུ་བོར་དཔེ་བཞག་སྟེ། །བཀོད་འདིའི་དགེ་བས་རྒྱལ་བའི་བསྟན། །མི་ནུབ་དབྱར་མཚོ་ལྟར་འཕེལ་ཤོག །
ཅེས་པ་འདི་ནི་ལུགས་ཟུང་བསླབ་བྱ་ཚིག་སྦྱོར་སོགས་ཀྱིས་མ་བཅིངས་པར་གོ་བདེའི་ཚུལ་དུ་བཀོད་པ་ཞིག་དགོས་ཞེས་འདི་གའི་གམ་བཅར་བ་ཞིག་ནས་བརྗོད་ཁར་རིག་གནས་རྒྱ་མཚོར་བློ་གྲོས་ཀྱི་འཇུག་སྒོ་མཆོག་ཏུ་དགེ་བའི་རྣམ་དཔྱོད་དང་ལྡན་པ་སུ་ཉིད་གཡོན་ཤོག་ཚ་ཀན་ཨོ་པོ་ཆོས་སྡེ་དགེ་སྐྱོང་གླིང་གི་བདག་པོ་མཁན་སྤྲུལ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་ནས་བསྐུལ་མ་བྱུང་བ་ལྟར། ༧ཤཱ་ཀྱའི་རིང་ལུགས་འཛིན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོས་སན་ཞི་ཞིང་ཆེན་དན་ཡོན་ཕུའི་ཕོ་བྲང་ཏོའཾ་ཀོང་ཟིར་འཕྲལ་མར་བགྱིས་པ་དགེ་ལེགས་འཕེལ།
Copyright© China Tibet Online
E-Mail:zangwenbu@126.com ཁ་པར།:010-58336716
ཅིང ICP ཐེབས། 12020827ཨང-1 པེ་ཅིང་སྤྱི་དྲའི་བདེ་ཐེབས110102001709-1
