ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

དཔེ་ཀློག་སྲོལ་རྒྱུན་དང་རིག་གནས་རང་རྟོན།

སྤེལ་དུས 2018-01-05 ཡོང་ཁུངས། དུས་དེབ། རྩོམ་པ་པོ། སྐར་མ་ཨ་བརྟན།
          དེ་རིང་གི་བཤད་བྱའི་ནང་དོན་ལ་ཁག་གཙོ་བོ་བཞིར་ཕྱེས་ནས་རིམ་བཞིན་བཤད་པར་བྱ་སྟེ།  དང་པོ་དཔེ་ཆ་ནི་ང་ཚོའི་མི་ཚེ་ཡི་སྡོངས་གྲོགས་ཡིན།  གཉིས་པ་ང་ཚོ་ལ་དཔེ་ཀློག་གི་སྲོལ་རྒྱུན་བཟང་བོ་ཡོད།  གསུམ་པ་དཔེ་ཀློག་ནི་མི་ཞིག་ཏུ་སྐྱེས་པའི་དོན་སྒོ་ཡིན།  བཞི་བ་རིག་གནས་ལ་ཡིད་རྟོན་རང་ངོ་ནས་བསྐྱེད་དགོས་ཞེས་པ་འདི་རྣམས་ཡིན། 
དང་པོ།  དཔེ་ཆ་ནི་ང་ཚོའི་མི་ཚེ་ཡི་སྡོངས་གྲོགས་ཡིན། 
          དེ་ཡང་ཨ་རིའི་རྩོམ་མཁན་ཧྥན་ལུང་ལགས་ཀྱིས་བཟོད་སྒོམ་ཞེས་པའི་དཔེ་དེབ་དེའི་དབུར། ཤེས་རྨོངས་ཀྱི་གྲོག་རོང་ན་འཚོ་ཞིང་གཞེས་པའི་མིའི་རིགས་ཀྱི་མེས་པོ་ཞིག་ཕྱི་རོལ་གྱི་འཇིག་རྟེན་སྙེགས་ཕྱིར་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཏེ་གྲོག་རོང་དེ་ལས་བྲོས་སྟབས་ཀྱིས་ཕྱིན་པས་ཐར་སྟེ། གྲོག་རོང་དུ་འཚོ་བའི་མིའི་རིགས་ཀྱི་བདེ་སྡུག་ཁུར་དུ་འཁྱེར་བའི་སྙིང་སྟོབས་ཆེན་པོས་སླར་འཁོར་ནས་ཁོ་བ་ཅག་འཇིག་རྟེན་གསར་བའི་ཡུལ་དེར་འཁྲིད་པར་བརྩམས་ཀྱང་།  རྨོངས་རྒན་དག་འགྲོ་བ་ལྟ་ཞོག་ཅི་མི་སྙམ་པར་སྐྱེས་བུ་ཆེན་པོ་དེའང་སྲོག་ཁྲིམས་ལ་སྦྱར་ནས་ལྔ་ལམ་དུ་བརྫངས།  དེ་ནས་རིང་ཞིག་འདས་རྗེས་གྲོག་རོང་དུ་མི་གས་བྱུང་བཀྲེས་སྐོམ་གྱིས་རབ་ཏུ་མནར་བ་ན།  རེ་ཐག་ཆད་པའི་གཞོན་ནུ་སྙིང་སྟོབས་ཅན་འགའ་ཞིག་གནས་དེ་ལས་ཀུན་ནས་ཐར་འདོད་ཀྱི་འདུན་པ་དྲག་པོས། མེས་པོ་དམ་པ་གང་དེས་སྔར་བསྟན་པའི་བཤུལ་ལམ་བསྙེགས་པས་ཐར་བ་དང་།  རེ་བའི་ཁེངས་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་ལའང་རོལ་ཐུབ་པ་བྱུང་བ་གང་གི་ཚེ།  དེ་ཀུན་གྱིས་རྨོངས་རྒན་ཨུ་ཚུགས་ཅན་དེ་དག་ལ་མེས་པོ་བདེན་ཏེ་ཁྱོད་ཅག་ཉེས་སོ་ཞེས་འཁང་ར་བྱེད་ཅིང་མཆིས་ཏེ། མེས་པོ་བྱས་རྗེས་ཅན་གང་དེ་ལ་དྲིན་གཟོ་བའི་ཕྱིར་དེའི་བམ་པོ་འཚོལ་བར་ཕྱིན་ཀྱང་མ་རྙེད་པས་མཐའ་མེད་པའི་ལམ་སྣེ་དེར་རྡོ་རིངས་ཤིག་བསླངས་ནས་བཀའ་དྲིན་རྗེས་སུ་དྲན་ཞིང་མཆོད་པར་གྱུར་ཏོ་ཞེས་སོགས་བྲིས་འདུག སྐབས་དོན་གྱི་ཐོག་མར་གཏམ་རྒྱུད་འདིའི་དོན་ལ་ཅིས་ཀྱང་བསམ་ཞིབ་བྱ་རིགས་ཏེ།  ཁྱོད་ཀྱིས་གནས་སྐབས་ཀུན་ཏུ་རང་ཉིད་ཀྱི་ད་ལྟའི་རྣམ་པ་ལ་ཡིད་ཚིམ་པར་བསྡད་ན་རེ་བའི་འོད་སྣང་མཐོང་མི་ཐུབ་པ་དང་ཡངས་པའི་འཇིག་རྟེན་དུ་སླེབས་མི་ནུས་པ་ཤེས་དགོས། 
          གཅིག དཔེ་ཆ་མེད་ན་ང་ཚོའི་མིག་ཡས་ལོང་བར་གྱུར། 
          ཨ་རིའི་རྩོམ་མཁན་གྲགས་ཅན་ཧྥེ་ཏི་མན་(克里夫顿•费迪曼、约翰•S梅杰《一生的读书计划》)ལགས་ཀྱིས་བརྩམས་པའི་ཚེ་གང་གི་དཔེ་ཀློག་འཆར་གཞི་ཞེས་པའི་མདུན་ཤོག་ཏུ། དཔེ་ཆ་ནི་ཁྱོད་ཀྱི་བླ་སྲོག་ལ་སྡོངས་གྲོགས་མཛད་མཁན་དེ་ཡིན། ཞེས་བྲིས་འདུག་སྟེ། (书就是你的灵魂伴侣。)ཁྱོད་ཀྱི་བླ་སྲོག་དང་མི་ཚེའི་བཤུལ་ལམ་དཔེ་ཆ་དང་འབྲེལ་དགོས་པར་མ་ཟད། མི་རིགས་ཤིག་གི་བླ་སྲོག་དེའང་དཔེ་ཆ་དང་རྟེན་ཅིང་འབྲེལ་དགོས་པར་མཐོང་།  རྒྱ་ནག་ལ། ལས་སུ་བྱ་བ་ཀུན་དམན་སྟེ།  དཔེ་ཀློག་ཁོ་ན་མཆོག་ཏུ་གོ་(万般皆下品,惟有读书高。)ཞེས་པའི་འཆད་ཚུལ་སྣང་བས་ནི། དཔེ་ཀློག་གི་འཚོ་བ་གང་ཞིག་ཤེས་རབ་འཕེལ་བའི་སྒོ་གཅིག་པུར་ཤེས་པར་བྱས་ནས་ནང་སེམས་ཀྱི་བདེ་བ་དོན་དུ་གཉེར་དགོས་ཚུལ་ཡང་བསྟན་ཏེ། སློབ་གཉེར་བྱེད་པའི་སྐབས་སུ་ནི་ཤེས་རབ་འཕེལ་བའི་སྒོ་འདིར་སྤྲོ་བས་འཇུག་པ་ལ་ཐེ་ཚོམ་གང་ཡང་འཛིན་མི་དགོས་སོ༎
          གཉིས།  དཔེ་ཆ་ལས་ང་ཚོས་མེས་པོའི་བྱུང་བ་རྟོགས། 
          རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས།  ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན།  ནགས་ཁུང་གི་སྤྲེའུ་དང་འདྲ།  མི་རང་གི་ཆོ་འབྲང་མ་ཤེས་ན།  གཡུ་འབྲུག་ཟོལ་མ་དང་འདྲ།  ཡབ་མེས་ཀྱི་ཆེ་དགེའི་ཡིག་ཚང་མ་ཤེས་ན།  མོན་ཕྲུག་ཡལ་བོར་དང་འདྲ། ཞེས་གསུངས་པ་ལྟར།  མི་རང་གི་སྐྱེས་པའི་ཡུལ་དང་ཁུངས། རིགས་རུས་ཆོ་འབྲང་། ཡབ་མེས་ཀྱི་ལོ་རྒྱུས་དང་བཅས་པ་ཤེས་འདོད་པས་ནི། ཅིས་ཀྱང་དེ་དག་གི་དོན་གླེགས་བམ་དུ་བྱས་པའི་ཡི་གེ་དག་ལ་བལྟ་དགོས་པར་བསྟན་ཅིང་། དམངས་ཀྱི་ཁ་དཔེ་ལ་ཡང་། ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས་ཞེས་པ་ལྟ་བུ་མང་དུ་མཆིས་པས། སྔོན་གྱི་བྱུང་བ་ཡི་གེར་བཀོད་དང་མ་བཀོད་པ་ཐམས་ཅད་ལ་གོམས་འདྲིས་སུ་བྱས་ནས་དེ་དག་གི་སྙིང་བོ་བླང་སྟེ་རང་རྒྱུད་ཀྱི་བང་བ་ཕྱུག་པར་བྱེད་དགོས། 
          གསུམ།  དཔེ་ཆ་ལས་ང་ཚོས་རང་ངོ་རང་གིས་ཟིན། 
          ང་ཚོ་འགྲོ་བ་མི་འདི་གང་ལས་བྱུང་བ་དང་ཚུལ་ཇི་ལྟར་འཕེལ་བ། མེས་པོ་གོང་མ་རྣམས་ལས་ཚུལ་ཇི་ལྟར་ཆད་ཚུལ་སོགས་རང་གི་འདས་དོན་རྟོགས་དགོས་ན། ལོ་རྒྱུས་བསྟན་བཅོས་རྣམས་ལ་ཅིས་ཀྱང་བལྟ་དགོས་པ་གཞིར་བཞག ཡབ་མེས་ཀྱི་བྱུང་བ་མཐའ་དག་ལས་ཉམས་མྱོང་བླང་ དགོས་ཏེ།  ད་ལྟའི་རང་གི་དབང་དུ་བྱས་ནའང་ཚུལ་ཇི་ལྟ་བུར་གནས། ཡོན་ཏན་ཇི་ལྟ་བུ་མངའ།  འཇོན་ཐང་ཇི་ལྟ་བུ་མཆིས་སོགས་རང་བློ་ཕྱི་ནང་རང་ལ་ལྐོག་ཏུ་མ་གྱུར་བ་ཞིག་བྱུང་བ་ན། བློ་གྲོས་དང་ལྡན་པ་ལེགས་ཉེས་བླང་དོར་ལ་མ་རྨོངས་པའི་སྐྱེས་བུ་དམ་པ་ཞིག་བྱེད་ནུས། དེ་ལྟ་བུའི་སྐྱེས་བུ་དམ་པ་ནི་ས་སྐྱ་ལེགས་བཤད་ལས། བསྟོད་པས་དགའ་བར་མི་འགྱུར་ཞིང་༎ སྨད་པས་མི་དགར་མི་འགྱུར་ལ༎ རང་གི་ཡོན་ཏན་ལེགས་གནས་པ༎སྐྱེས་བུ་དམ་པའི་མཚན་ཉིད་ཡིན༎ཞེས་བྱུང་བ་ལྟ་བུ་དེ་ལགས།  སྔོན་འབྲུག་པ་ཀུན་ལེགས་ཀྱིས་ལྷ་སའི་ཇོ་བོ་མཇལ་བ་ན། དང་པོར་ཁྱོད་དང་འུ་གཉིས་འདྲ༎ བར་དུ་ཁྱོད་ཀྱིས་ཚོགས་གཉིས་བསགས༎ ཐ་མར་ཁྱོད་ནི་རྫོགས་སངས་རྒྱས༎ད་ལྟ་ཁྱོད་ལ་ཕྱག་འཚལ་ལོ༎ཞེས་ཐུབ་པ་མཆོག་གི་ཡོན་ཏན་མཐོང་ཞིང་རང་ངོ་ཟིན་པའི་བདེན་ཚིག་བརྗོད་པ་དང་།  རྗེ་རིན་པོ་ཆེའི་རྟོགས་བརྗོད་འདུན་ལེགས་མར། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ༎བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར༎ ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས༎ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས༎ ཞེས་མི་ཚེ་གང་གི་མཛད་པ་ཐོས་པ་བཙལ་ཚུལ་ནས་ཐུབ་པའི་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་ཚུལ་བར་གསུངས་མཐར།  རང་གི་ངང་ཚུལ་རྟོགས་པའི་ཐབས་སོགས་ལེགས་པར་བསྟན་པ་འདི་ཡང་། རང་ངོ་རང་གིས་འཚོལ་ཏེ་ཤེས་ཚུལ་གྱི་མིག་དཔེ་ཟླ་མེད་པ་ཉིད་དུ་འཁུམས། 
          བཞི།  དཔེ་ཆ་ལས་ང་ཚོས་འཚོ་བའི་བདེན་པ་མཐོང་། 
          འགྲོ་བ་མི་བྱུང་ནས་ལོ་སྟོང་ཕྲག་ཁྲི་ཕྲག་དུ་མ་ཕྱིན་པའི་དུས་ཡུན་རིང་མོའི་ནང་།  འུ་ཅག་ལ་འཚོ་བའི་སྐོར་གྱི་ཉམས་མྱོང་དང་རྒྱུན་ཤེས། འཚོ་གནས་བྱེད་ཐབས་བདེ་སྡུག་གི་ངོས་འཛིན་སོགས་མཆིས་སོ་ཅོག་དཔེ་ཆ་ལས་རྟོགས་དགོས་པ་ལས། འདི་ཡིན་གན་མིན་གྱི་ངག་རྒྱུན་ཙམ་དང་རང་གི་མྱོང་བ་ཁོ་ནར་བརྟེན་ན་རང་གི་འཚོ་གནས་དང་བདེ་སྐྱིད་དོན་གཉེར་ལ་ཕན་པ་རྒྱ་ཆེན་པོ་ནི་ཐོགས་པར་མི་འགྱུར་ཏེ། དཔེར་ན་བཀའ་བསྟན་གསུང་རབ་ཀྱི་གླེགས་བམ་མཐའ་ཡས་པར་བཞུགས་པ་ལས།  མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱ་ཆེས་ཤིན་ཏུ་མང་པོ་ཞིག་གི་དགོངས་པ་ལ་སྦྱངས་ན་ཤེས་རབ་སྔར་བས་ཁྱད་པར་དུ་འཕགས་པ་ཞིག་འབྱུང་སྲིད་པ་ནི།  རང་ཅག་བོད་ཡུལ་གྱི་དབང་དུ་བྱས་ན་ཡང་སྔོན་གྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་དུ་བྱོན་པ་དེ་དག་གི་རྣམ་ཐར་ལ་མཇལ་བས་རྟོགས་པར་འགྱུར་ཞིང་། གཞན་དུ་ན་དབྱིན་ཇིའི་མཚན་ཉིད་རིག་པའི་མཁན་པོ་ཁ་ཨེར་པོ་ཕུའར(卡尔•波普尔)ཡིས།  གལ་སྲིད་ཕྱི་སྣོད་ཀྱི་འཇིག་རྟེན་འདི་སྟོངས་པར་གྱུར་ཀྱང་། བསྟན་བཅོས་གླེགས་བམ་རྣམས་ཤུལ་དུ་ལྷག་ཡོད་ན།  འུ་ཅག་གིས་འཇིག་རྟེན་གསར་བ་ཞིག་སླར་ཡང་བསྐྲུན་ཆོག་ཅེས་གསུངས་མྱོང་བ་བཞིན།  འཛམ་གླིང་འདིའི་མིའི་རིགས་ཧྲིལ་བོའི་དབང་དུ་བྱས་ནའང་།  སྟོབས་འབྱོར་མངའ་ཐང་རྒྱས་དང་མ་རྒྱས་རིག་གནས་སློབ་གསོ་དར་དང་མ་དར་བའི་མི་རིགས་གང་ཡང་ཡབ་མེས་ཀྱིས་བཞག་པའི་ཤེས་བྱ་རིག་པའི་གན་མཛོད་ཁྱད་མཚར་ཞིང་རིན་ཐང་གཞལ་དུ་མ་མཆིས་པ་དེ་འདྲ་ལ་བརྟེན་ནས། གནམ་ས་གཉིས་ཀྱི་བར་དུ་འགྲེངས་ཏེ་འབྱུང་འགྱུར་གྱི་འཚོ་བ་གསར་བར་སྙེགས་དགོས་པ་ཞིག་མ་ཡིན་གྲང་། 
གཉིས་པ།  ང་ཚོ་ལ་དཔེ་ཀློག་གི་སྲོལ་རྒྱུན་བཟང་པོ་ཡོད། 
          ལོ་རྒྱུས་བསྟན་བཅོས་ལས་མཐོང་བ་ལྟར་ན། མ་མཐར་ཡང་ད་ལྟ་རང་རེས་ཐུན་མོང་དུ་སྤྱོད་བཞིན་པའི་སྒྲ་སྦྱོར་གྱི་ཡི་གེ་འདི་ཉིད་བྱུང་བ་ནས་བཟུང་། ཕྱིས་སུ་རིམ་པར་བྱོན་པའི་བཙན་པོ་དག་གི་སྐུ་དྲིན་ལས། ཐུབ་པའི་བསྟན་པ་ལ་ཉན་བཤད་བྱེད་པའི་འགོ་ཚུགས་ཤིང་འཕེལ་རྒྱས་སུ་བཏང་བ་ནི་ཇི་སྐད་དུ།  སངས་རྒྱས་ཀྱིས་གསུངས།  མཁས་པ་ལས་བརྒྱུད།  གྲུབ་ཐོབ་གྱིས་བསྒོམས། པཎྡི་ཏས་བཤད།  ལོ་ཙཱ་བས་བསྒྱུར་ཞེས་པ་ལྟར། བོད་རང་གི་མཁས་པ་སྡེ་སྣོད་འཛིན་པ་རིམ་པར་བྱོན་པ་དག་གིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཐེ་ཚོམ་གྱི་དྲ་བ་ལེགས་པར་ཆོད་དེ། རྒྱ་གར་གྱི་མཁས་པ་རྒྱན་དྲུག་མཆོག་གཉིས་སོགས་ནས་ལེགས་པར་བརྒྱུད་པའི་དཔེ་ཀློག་གི་སྲོལ་རྒྱུན་ནམ་རིག་པ་དོན་གཉེར་གྱི་སྙིང་སྟོབས་ཟླ་མ་མཆིས་པ་དེ་ཉིད་ཀྱིས་མཚོན་ཐོས་བསམ་གྱི་བྱ་བ་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཞིག་མ་ཉམས་པར་ལེགས་པར་བསྐྱངས་ཏེ།  རང་གཞན་ཀུན་ལ་ཕན་འདོགས་པར་མཛད་པ་འདི་ནི་ཆེས་ངོ་མཚར་རྨད་དུ་བྱུང་བའི་སྲོལ་བཟང་ངོ་༎
          གཅིག སྐད་དང་ཡི་གེ་གནས་པ་དཔེ་ཀློག་གི་དགེ་ཡིན། 
          དེ་ལྟར་རང་རེས་ད་ལྟ་འཆད་གྱིན་པའི་སྐད་དང་འབྲི་ཀློག་འཆད་གསུམ་ལ་སྤྱོད་བཞིན་པའི་བོད་ཡིག་འདི་གའང་།  སློབ་དཔོན་ཐོན་མི་ནས་ད་ལ་ཐུག་གི་བར་མི་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་གི་ཡུན་ལ། མེས་པོ་གོང་མ་དག་གིས་ཉིན་མཚན་ལྟོས་མེད་དུ་ཟམ་མ་འཆད་པར་དཔེ་ཀློག་གིས་དུས་འདའ་བའི་མཛད་བཟང་ལ་རག་ལས་ཤིང་།  དེ་ལ་བརྟེན་ནས་རང་ཅག་གི་སྐད་དང་ཡི་གེ་གང་ཡང་མ་ཉམས་པར་གནས་ཡོད་པའི་ཚུལ་འདི་ག་རང་ཡིན་ཕྱིར། མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲའི་དུས་སུ་དཔེ་ཀློག་གི་བྱ་བ་ལ་མི་བརྩོན་ན་ནི།  བློ་གྲོས་ཀྱི་མིག་ལྡོངས་པའི་སྤྱོད་ཚུལ་ཁོ་ན་སྟེ་སྙིང་རུལ་ཐ་མལ་བ་ཡིན་པས། སྒོ་གསུམ་ཀུན་སྤྱོད་རྣམ་པར་དག་པས་དགེ་བ་འདི་ཡི་རྒྱུན་བསྐྱང་དགོས་པ་ཡིན་ནོ༎
          གཉིས།  མཁས་དབང་མང་དུ་བྱོན་པ་དཔེ་ཀློག་གི་རྒྱན་ཡིན། 
          རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས། འཆད་པ་སྐལ་བཟང་ཐོས་པའི་བང་མཛོད་གཏམས༎ རྩོད་པ་ཕྲ་ཞིབ་རིགས་པའི་རྒྱ་མཚོ་ཡངས༎རྩོམ་པ་དབྱངས་ཅན་པི་ཝང་འཇེབས་ཤིང་སྙན༎མཁས་པའི་བྱ་བ་རྣམ་གསུམ་ཨ་ཧོ་རྨད༎ ཅེས་གསུངས་པ་ལྟར། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་ཐུགས་ཤིན་ཏུ་འདྲིས་ཤིང་བརྩོན་པར་མ་བྱས་ན།  ཤེས་བྱའི་དེ་ཁོ་ན་ཉིད་དམ་དེ་མིན་གྱི་བྱེ་བྲག་གི་དོན་ཤེས་པའི་མཁས་པ་ཞེས་པ་ཞིག་ཀྱང་འབྱུང་ཐབས་མ་མཆིས་ཤིང་། དེ་ལྟ་བུའི་བྱ་བ་གང་ཡང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལེགས་པར་མ་བསྐྱང་ན་འབྲས་བུ་ཐོབ་པར་མི་འགྱུར་བས། དཔེ་ཀློག་ལ་འབད་ཅིང་བརྩོན་པའི་སྔོན་དང་ད་ལྟར་བཞུགས་པའི་མཁས་པ་བཀའ་དྲིན་ཅན་འདི་དག་ང་ཚོའི་རྒྱན་དུ་བལྟ་དགོས་ཏེ།  མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན་ལྟ་བུའི་བསླབ་འདོམས་མཆོག་ཏུ་གཟུང་བར་བྱའོ༎
          གསུམ།  གསུང་རྩོམ་མང་དུ་བཞུགས་པ་དཔེ་ཀློག་གི་རྟགས་ཡིན། 
          ལར་རང་ཅག་གི་མཁས་པ་སྐར་ཚོགས་ཀྱི་གྲངས་ལ་འཕྱ་བ་མང་དུ་བྱོན་པ་གང་ཡང་གསུང་རྩོམ་གྱི་བྲག་རི་བརྩེགས་ཤིང་གླེགས་བམ་གྱི་ཁལ་ཆེན་བཏེགས་ནས་བྱོན་པ་ཤ་སྟག་སྟེ།  རྗེ་ཙོང་ཁ་བ་ལྟ་བུ་ལ་མཚོན་ན། གསུང་རྩོམ་པོད་ཆེན་བཅུ་དགུ་ཡི་བདག་ཉིད་དུ་གྲུབ་པ་དེ་ནི། ཁོང་གིས་མི་ཚེ་འདིར་མདོ་སྔགས་ཀྱི་གཞུང་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་དུ་བྱས་པའི་འབྲས་བུ་ལགས་ཤིང་།  རྒྱ་གར་དང་བོད་དུ་བཞུགས་པའི་མཁས་པ་དང་པཎྟི་ཏའི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་དེ་དག་ལ་དཔེ་ཀློག་བྱས་མེད་པ་ཡིན་ཚེ།  གསུང་རྩོམ་དེ་ལྟ་བུ་ག་ན་འབྱུང་བར་འགྱུར་ཏེ་མི་འགྱུར་ཞིང་། དེ་ལྟ་བུ་མེད་ན་དེང་གི་ཆར་བོད་ཀྱི་ཤེས་རིག་ཅེས་ཀུན་གྱིས་བརྟག་དཔྱད་ཞིབ་འཇུག་གི་ཡུལ་དུ་གྱུར་ནས་ཤེས་བྱའི་གནས་ལུགས་འཚོལ་བའི་རྟགས་དང་མཚན་མ་འདི་འདྲའང་འབྱུང་བར་འགྱུར་རམ་ཅི། 
          བཞི།  ཀུན་དང་མཐུན་པར་འཚོ་བ་དཔེ་ཀློག་གི་ཚུལ་ཡིན། 
          རང་རེ་མི་རིགས་འདིའི་རྒྱུད་ན་བྱམས་དང་སྙིང་རྗེ་མངའ་ཞིང་།  དེའང་ཁ་ཙམ་མ་ཡིན་པར་རྒྱུན་ཆགས་ཀྱི་འཚོ་བའི་ནང་ལག་དུ་བསྟར་བཞིན་ཡོད་པས།  ཀུན་གྱིས་བོད་མི་རིགས་ཞེས་གོང་བཀུར་ཡི་རངས་བྱེད་ས་ཞིག་ཏུ་བརྩིས་པ་འདི་ཡང་།  དཔེ་ཀློག་གི་འཚོ་བ་བརྒྱུད་ནས་རང་རྒྱུད་ཀྱི་རྟོགས་པ་མཐོན་པོར་སླེབས་པའི་སྔོན་གྱི་ཡབ་མེས་མཁས་པ་དག་གིས་ནི།  འཚེ་མེད་ཞི་བདེའམ་གཞན་དོན་དོན་གཉེར་གྱི་བསམ་པའི་རྒྱགས་ཕྱེ་ཞིག་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ང་ཚོའི་གཤིས་རྒྱུད་དུ་བཞག་པ་དེ་ཉིད་བཅོས་མིན་དུ་མངོན་པའི་མི་རིགས་ཀྱི་རྟགས་མཚན་ཤིག་ཏུ་གྲུབ་ཡོད་པ་དེས་དབང་གིས་ཏེ།  ལར་གལ་ལ་ཐུག་དུས་རང་ཚུགས་མ་ཤོར་ཞིང་གཞན་སེམས་མི་དཀྲུགས་པའི་མི་རིགས་གང་འདི་ཀུན་ལ་བྱམས་ཤིང་འཆམ་མཐུན་ངང་འགྲོགས་འདྲིས་བྱེད་ནུས་པའི་ཡོན་ཏན་གྱིས་འཚོ་བའང་།  དཔེ་ཀློག་ལ་སྤྲོ་བའི་ཚུལ་འདི་མངོན་པའམ།  དེའི་ངང་དུ་གནས་པའི་དགེ་མཚན་མི་རིགས་རང་གི་གཤིས་སུ་གྲུབ་པ་ལ་ཐུག་པ་འབའ་ཞིག་གོ། 
གསུམ་པ།  དཔེ་ཀློག་ནི་མི་ཞིག་ཏུ་སྐྱེས་པའི་དོན་སྒོ་ཡིན། 
          མི་ཞེས་དུད་འགྲོ་སོགས་སྲོག་ལྡན་གཞན་དང་ཁྱད་པར་འབྱེད་ཆོས་དེ་ཡང་རྣམ་དཔྱོད་ཀྱི་བློ་མངའ་བ་འདི་ག་ཁོ་ནས་ཡིན་ཏེ།  སྨྲ་ཤེས་ཤིང་དོན་གོ་བ་ཙམ་གྱིས་ནི་མི་ཞིག་ཏུ་སྐྱེས་པའི་གོ་མི་ཆོད།  དཔེ་ཀློག་ལ་མི་དགའ་བ་ཞིག་ཡིན་ཚེ།  རང་ལ་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་སྐྱེས་པའི་སྒོ་ཅིག་ཅར་བཀག་པ་ཡིན་ཕྱིར།  དལ་འབྱོར་གྱི་མི་ལུས་བླངས་པ་དོན་མེད་དུ་མི་འགྱུར་བར་བྱ་ཆེད།  རིག་པའི་གནས་ཀུན་ལ་རང་གི་ཤེས་ཚོད་ནུས་ཚོད་ཀྱིས་སྦྱངས་ཤིང་དེའི་དོན་རྒྱུད་ལ་འབྱོར་བ་བྱེད་དགོས་ཏེ།  རིག་པ་ནངས་པར་འཆི་ཡང་བསླབ༎ ཚེ་འདིར་མཁས་པར་མ་གྱུར་ཀྱང་༎ སྐྱེ་བ་ཕྱི་མར་བཅོལ་བ་ཡི༎ ནོར་ལ་རང་ཉིད་ལེན་པ་འདྲ༎ ཞེས་ས་པཎ་མཆོག་གིས་དེ་ལྟར་དཔེ་ཀློག་གི་བྱ་བར་སྙིང་རུས་བསྟེན་དགོས་ཚུལ་གདམས་པ་དང་།  ཡང་ལ་ལ་ཞིག་ཁ་རྒྱབ་ཁོ་ནར་བརྩོན་པ་དེ་འདྲ་དེ་ཡང་མི་ལེགས་པ་ནི།  ཕན་དང་མི་ཕན་མི་དཔྱོད་ཅིང་༎ བློ་དང་ཐོས་པ་མི་བསྒྲུབ་པར༎ ལྟོ་འགྲངས་འབའ་ཞིག་དོན་གཉེར་བ༎ སྤུ་མེད་པ་ཡི་ཕག་པ་ཡིན༎ ཞེས་སོགས་གསུངས་པ་ལྟར།  རྣམ་གཡེང་རྩེད་འཇོ་ཁོ་ནར་བག་མེད་དུ་རོལ་ནས་གྱི་ནར་མི་སྡོད་པ་ཞིག་ཅི་བས་ཀྱང་གལ་ཆེ་བ་མ་ཡིན་ནམ། 
          གཅིག དཔེ་ཀློག་ལ་བརྟེན་ནས་མི་རུ་སྐྱེས་པ་དོན་ཡོད་བྱ། 
          འཛམ་གླིང་འདིར་བྱོན་པའི་མཁས་དབང་དང་ཚན་རིག་བྱེད་པོ་སོགས་སྐྱེས་བུ་བློ་གྲོས་དང་ལྡན་པ་བྱོན་བྱོན་པ་དག་དཔེ་ཀློག་གི་དཀའ་སྤྱད་འདི་ལ་བརྟེན་ཅིང་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་ཡིན་ཞིང་།  སྔོན་ཐོན་གྱི་མི་རིགས་གང་ཡིན་ཡང་།  ཐབས་ཀྱི་གཙོ་བོར་དཔེ་ཀློག་ལ་བརྟེན་ནས་རིག་གནས་ཤེས་བྱ་མང་པོ་ཁོང་དུ་ཆུད་པར་བྱས་ཤིང་སྒོ་ཐམས་ཅད་དམ་ཕྱོགས་དུ་མ་ནས་མི་རིགས་ཀུན་གྱི་མདུན་གྲལ་སྙེགས་པ་ཡིན་ཏེ།  དཔེར་ན་ཡ་ཧུ་ད་བའི་མི་རིགས་ལྟ་བུ་དང་དེའི་རིགས་སུ་འཁྲུངས་པའི་ཨེ་དབྱིན་སི་ཐའན་སོགས་ཡིན་ནོ༎ ཚུལ་དེ་ལ་བསམས་ནས་བླང་དོར་འདི་ལྟར་བྱ་བར་རིགས་ཏེ།  རིགས་གཟུགས་ལང་ཚོ་ལྡན་ན་ཡང་༎ཡོན་ཏན་མེད་ན་མཛེས་མ་ཡིན༎ རྨ་བྱ་སྤུ་སྡུག་ཡིད་འོང་ཡང་༎ཆེན་པོའི་རྒྱན་དུ་འོས་སམ་ཅི༎ ཞེས་རང་ཉིད་ཡོན་ཏན་དང་ལྡན་པར་བྱ་བ་དང་།  བླུན་པོ་སློབ་པ་ངོ་མཚར་འཛིན༎ མཁས་པ་མ་བསླབས་ངོ་མཚར་འཛིན༎ དེས་ན་མཁས་པ་རྒས་གྱུར་ཀྱང་༎ ཕྱི་མའི་དོན་དུ་རིག་པ་སློབ༎ཅེས་མཁས་པ་སློབ་པའི་དོན་ལ་འཇུག་པར་བློ་གྲོས་ཀྱི་མིག་བསྒྲུབས་ནས།  དཔེ་ཀློག་ལ་སྤྲོ་ཞིང་དེའི་ངང་དུ་དུས་འདའ་བའི་སྐབས་ཤིག་བྱུང་ན་དགའ་བ་བསྒོམ་འོས་ཏེ།  དེ་ལྟར་མི་ཡི་ཚུལ་ལུགས་དང་ལྡན་པ་ཞིག་བྱེད་པ་ལ་ཅིས་ཀྱང་དཔེ་ཀློག་ལ་བརྟེན་ནས་རིག་པ་སློབ་པར་བྱའོ༎
          གཉིས།  དཔེ་ཀློག་ལ་བརྟེན་ནས་མི་ཚེའི་འདུན་མ་མངོན་དུ་བྱ། 
          སློབ་དཔོན་ཀླུ་སྒྲུབ་མཆོག་གིས་བཤེས་སྤྲིངས་སུ། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི༎ ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན༎དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས༎ སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ༎ཞེས་འཆི་བ་མི་རྟག་པའི་ཚུལ་ལས་བརྩམས་ཏེ་ལྷ་ཆོས་དགེ་བ་བྱེད་ཁོམ་རེ་བྱུང་བ་འདི་ལ་དགའ་བ་དང་ངོ་མཚར་ཅིག་ཅར་བསྐྱེད་དགོས་པར་གསུངས་པ་དང་།  ས་སྐྱ་ལེགས་བཤད་ལས།  མི་རྣམས་ཚེ་ཐུང་དེ་ཡི་ཕྱེད༎ མཚན་མོ་གཉིད་ལོག་ཤི་དང་འདྲ༎ ན་རྒས་སྡུག་བསྔལ་སྣ་ཚོགས་ཀྱིས༎ ཕྱེད་པོའང་བདེ་བར་སྤྱད་དུ་མེད༎ ཅེས་སྡུག་བསྔལ་ཡུན་རིང་ལ་བདེ་བ་སྐད་ཅིག་མ་ལས་མི་འདུག་པའི་མི་ཚེ་འདིར་རིག་པའི་གནས་མཐའ་དག་ལ་སྦྱངས་ཏེ་ཆོས་དང་འཇིག་རྟེན་གྱི་བླང་དོར་རམ་ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་ཀྱི་མིག་འཐོབ་པར་བྱེད་དགོས་ཚུལ་གདམས་ཤིང་།  ཨ་མེ་རི་ཀའི་ཧ་ཝོར་ཏི་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་རྩིག་ལྡེབས་ངོས་སུ།  སྐབས་འདིར་གཉིད་ལ་གཡེང་ཙ་ན༎ རྨི་ལམ་ཐུན་གཅིག་ངང་དུ་ཟད༎ འོན་ཏེ་བསླབ་ལ་བརྩོན་བྱས་ན༎ རེ་བའི་འདུན་མ་འགྲུབ་པར་འགྱུར༎ ཞེས་བསླབ་བྱ་ཀུན་གྱི་དང་པོར་བཀོད་དེ་དཔེ་ཀློག་ལ་འབད་དགོས་ཤིང་དེ་ལ་བརྟེན་ན་མི་ཚེའི་འདུན་མ་འགྲུབ་ངེས་པའི་ཚུལ་གོ་བར་བྱས་སོ༎
          གསུམ།  དཔེ་ཀློག་དང་བྲལ་ན་ཡབ་མེས་ཀྱི་སྲོལ་བཟང་ཇི་ལྟར་འཛིན། 
          དབྱི་ཐ་ལིའི་ལོ་རྒྱུས་སྨྲ་བའི་མཁས་པ་ཁི་རོ་ཆིས(克罗齐)།  འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་ཐམས་ཅད་ནི་ད་ལྟའི་གནས་ཚུལ་ལོ་ཞེས་གསུངས་མྱོང་བ་ལྟར།  ཡབ་མེས་ཀྱིས་ང་ཚོར་བཞག་པའི་རིག་གནས་ཀྱི་གཅེས་ནོར་ཐམས་ཅད་ད་ལྟའི་དངོས་ཡོད་དུ་ཤེས་པ་དང་།  དེ་ལ་བརྟགས་ཤིང་དཔྱད་པའི་སྒོ་ནས་འཛིན་ཚུལ་ནི།  རིག་གནས་ཀྱི་ཤུལ་བཞག་རྩ་ཆེ་བར་གྱུར་བ་གང་མཆིས་དོན་གཉེར་ལེགས་པར་བྱས་ཏེ།  མི་ཉམས་པར་བྱས་ཤིང་ཉམས་པ་དག་སོར་ཆུད་པར་བྱེད་པ་འདི་ཁོ་ན་ཐབས་ཚུལ་ཀུན་གྱི་མཆོག་སྟེ། སྔོན་བྱུང་གི་གཏམ་ལས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་མདུན་ནས་རྟག་ཏུ་ངུས་ཆོས་གསན་པའི་ཚུལ་དང་།  ན་རོ་བས་ཏེ་ལོ་བ་དང་མི་ལས་མར་བ་བསྟེན་པའི་ཚུལ་བཞིན་དུ་སྙིང་སྟོབས་ཆེན་པོས་དཀའ་སྤྱད་སྡུག་རུས་དྲག་ཏུ་བསྟེན་ནས་ཡབ་མེས་ཀྱི་སྲོལ་བཟང་འཛིན་པ་འདི་ལ་སོམ་ཉི་འཆང་བ་འོས་སུ་ཆེའམ། 
          བཞི།  དཔེ་ཀློག་དང་བྲལ་ན་རྗེས་ལུས་ཀྱི་མགོ་བོ་ཇི་ལྟར་འགྱོག
          དུས་ད་ལྟའང་དབྱི་རག་སེ་རུ་ཡ་སོགས་དཔེ་ཀློག་ལ་དེ་ཙམ་མི་དགའ་བའི་རྒྱལ་ཁབ་དང་མི་རིགས་དེ་དག་གི་ཁྲོད་དུ་དང་།  ཨ་ཧྥེ་རི་ཀ་སོགས་མི་ནག་གི་རིགས་མང་པོ་འཚོ་ཞིང་གནས་པའི་རྒྱུད་དུ།  རིག་གནས་སློབ་གསོ་འཚོ་བའི་ལོངས་སྤྱོད་སོགས་ཕྱོགས་གང་ཅིར་རྗེས་སུ་ལུས་ནས་ཁ་རྒྱབ་དང་བཀྲེས་སྐོམ་གྱི་སྡུག་བསྔལ་མི་ཟད་པ་མྱོང་ཞིང་།  འཐབ་རྩོད་འཁྲུག་ལོང་གི་འཇིགས་པ་སྣ་ཚོགས་ལས་ཀྱང་ཐར་མ་ཐུབ་པར་མཆིས་པ་ནི།  རང་བྱུང་ཁམས་ཀྱི་འབྱུང་བ་མ་སྙོམས་པའི་ཕྱི་སྣོད་ཀྱི་ཁོར་ཡུག་དེ་ག་ལའང་རག་ལས་མོད།  དེ་ཡི་སྙིང་བོར་གྱུར་བའི་ནང་བཅུད་ཀྱི་སེམས་ཅན་ལ་མཚོན་ན། དཔེ་ཀློག་གི་མཐུན་རྐྱེན་ཞན་པ་དང་།  དཔེ་ཀློག་གི་སྲོལ་རྒྱུན་བཟང་པོ་མ་དར་བའི་དབང་གིས་བསྐྱེད་པ་ཞིག་ཀྱང་ཡིན་ཏེ།  དཔེ་ཀློག་ལ་མོས་པ་ཆེ་ན་སྔར་བཤད་པའི་ཡ་ཧུ་ད་བའི་མི་རིགས་དང་།  ཨུ་རུ་སིའི་མི་རིགས། འཇར་མན་གྱི་མི་རིགས་དང་ཨ་མེ་རི་ཀའི་མི་རིགས། ཉི་ཧོང་གི་མི་རིགས་སོགས་སྔོན་ཐོན་གྱི་མི་རིགས་དེ་དག་གི་ད་ལྟའི་གནས་སྟངས་ལ་བལྟས་ན་ཚུལ་ཇི་ལྟ་བུ་ཡིན་པ་ཤེས་པར་འགྱུར། རང་ཅག་གི་རྒྱལ་ཁབ་འདི་དེ་དག་དང་བསྡུར་ན་དཔེ་ཀློག་གི་གྲངས་ཚད་ཆེས་ཉུང་ངུ་ཙམ་ལས་མེད་པ་གསར་ལམ་ཁག་ན་གྲགས་ཆེ་བ་བདེན་པར་འདུག་སྟེ། གནས་སྟངས་འདིས་ང་ཚོའི་མི་རིགས་འདི་གཞན་དང་བསྡུར་ན་རྗེས་སུ་ལུས་འདུག་པ་དང་།  རང་ཅག་མི་བུ་ཤིན་ཏུ་མང་བོ་ཞིག་དེའི་ཀློང་དུ་གྱི་ནར་འཕྱན་འདུག་པ་མངོན་ཚན་དུ་སྣང་ན་རིགས་པས་བསྒྲུབ་མི་དགོས་སོ༎
བཞི་བ།  རིག་གནས་ལ་ཡིད་རྟོན་རང་ངོ་ནས་བསྐྱེད་དགོས། 
          ལྷ་སའི་སྒྲུང་རྩོམ་མཁན་ཚེ་རིང་ནོར་བུ་ལགས་ཀྱིས་བརྩམས་ཤིང་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་སྒྲུང་ཐུང་ལུག་ཚེ་ཐར་ཞེས་པ་དེ་ལས།  ང་ཚོའི་མི་རིགས་འདིའི་བྱམས་དང་སྙིང་རྗེ་ཆེ་བའི་གཤིས་ཀ་དང་།  གཤིས་ཀ་དེ་ལས་མངོན་པའི་ཐུན་མིན་གྱི་འཚོ་གནས་འདུ་ཤེས། འདུ་ཤེས་དེ་ལས་མཆེད་པའི་ཤེས་རབ་ཀྱི་འོད་སྣང་སོགས་མཐོང་ཐུབ་ཅིང་།  ང་ཚོའི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་དེང་དུས་ཀྱི་མི་དང་སྤྱི་ཚོགས་ཧྲིལ་བོ་ནས་མིའི་རིགས་སྤྱི་ལ་ཕན་པའི་ཤེས་རིག་གི་ས་བོན་ཡོད་པ་ཀུན་ལ་གོ་བར་བྱས་ཡོད།  ལན་གྲུའི་རྩོམ་མཁན་ཡེ་ཀྲིག་(叶舟)ལགས་ཀྱིས་བརྩམས་ཤིང་སྐབས་དྲུག་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་སྒྲུང་ཐུང་ང་ཡི་སྦྲ་གུར་ནང་དུ་བདེ་སྐྱིད་ལྡན་ཞེས་པ་དེ་རུ།  རང་རེའི་ལོ་རྒྱུས་སྟེང་བྱོན་མྱོང་བའི་རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཞབས་འབྲང་རིན་ཆེན་ཞུ་བ་དེ་མི་སྣ་གཙོ་བོར་འབྲི་བཞེངས་བྱས་ནས།  བླ་མའི་བྱིན་རླབས་ལ་བརྟེན་ནས་དེས་དད་ལྡན་མང་པོ་ཞིག་ལ་ཆོས་ཀྱི་སྦྱིན་པ་བསྩལ་ཏེ་ཁོང་ཚོའི་སེམས་ཀྱི་འདོད་བློ་ཚིམ་པར་བསྐངས་ཚུལ་ཞིབ་འབྲི་བྱས་པ་དང་། ཆོས་ལུགས་དད་མོས་ཀྱིས་མཚོན་ང་ཚོའི་མི་རིགས་འདིས་རང་གི་རིག་གནས་ལ་བཅངས་པའི་དད་འདུན་གྱི་སྟོབས་དང་ཡིད་ཆེས་ཀྱི་ཤུགས་དེ་ནི།  རྒྱ་མི་གཙོས་པའི་མངའ་འབངས་ཡོངས་ལ་ཆེས་མཁོ་ཆེ་བའི་རིག་གནས་ཀྱི་རིན་ཐང་ཤིག་ཡིན་ཚུལ་རྟོག་བཏགས་ཀྱི་གཏམ་རྒྱུད་ལ་སྦྱར་ནས་མཚོན་པར་བྱས། རང་ཉིད་བོད་མི་ཞིག་ཡིན་པའི་རང་བཞིན་དང་གཤིས་ཀ་གཤའ་མ་དེ་རིམ་གྱིས་ཡལ་བར་འགྱུར་བཞིན་པའི་ད་ལྟའི་ཆར། ང་ཚོས་ཀྱང་སྒྲུང་གཏམ་སྔ་ཕྱི་དེ་གཉིས་ཀྱི་དོན་ལ་བསམ་བློ་མི་གཏོང་རང་གཏོང་སྟེ།  ཕྱི་དངོས་པོའི་ལོངས་སྤྱོད་ཀྱི་རྙེད་པ་ཙམ་ཞིག་ཕུགས་ཀྱི་བདེ་སྐྱིད་དུ་སེམས་ནས་རྒྱུ་འབྱོར་ཁོ་ན་དོན་དུ་གཉེར་བ་ལ། མི་ཆོས་ཀྱི་ར་བ་ལས་བརྒལ་ཤིང་ཀུན་སྤྱོད་ཀྱི་མཐའ་རུ་ལྟུང་བའི་འཚོ་སྟངས་འབའ་ཞིག་ལ་ཞེན་པའི་ངང་ཚུལ་ནི།  ང་ཚོའི་ཁོ་ར་ཁོར་ཡུག་ན་མཐོང་ཆོས་མྱོང་འགྱུར་དུ་མཆིས་པ་མཛུབ་ཚུགས་སུ་མ་བསྟན་ཀྱང་རྟོགས་སླ་བ་དེ་གའོ༎
          གཅིག རིག་གནས་གདོང་ཐུག་ལེགས་པར་རྟོགས་རྒྱུ་གལ། 
          དེ་ལྟ་བུའི་གནས་བབ་ལ་དཔག་ན། ཚན་རིག་ལག་རྩལ་དང་སྒོས་སུ་དྲ་རྒྱའི་རིག་གནས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན།  འཛམ་གླིང་གི་རིག་གནས་མང་པོ་ཞིག་ཕན་ཚུན་འབྲེལ་འདྲིས་དང་གདོང་གཏུགས་སྔར་བར་ཆེ་རུ་ཕྱིན་ཤིང་། མི་རིགས་རང་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་མང་པོ་ཞིག་ཀྱང་དེའི་ཁྲོད་ངོ་བོ་གཞན་དུ་འགྱུར་བའམ། ཡང་ན་གོས་ལ་སྣུམ་གྱིས་སིམ་པ་བཞིན་རིག་གནས་གཞན་གྱི་ཤུགས་རྐྱེན་འོག་རང་ཚུགས་ཤོར་དང་ཤོར་བཞིན་པའི་ཚུལ་མཆིས་ན། རིག་གནས་སྣ་མང་གི་ཡོ་ལང་རྒོད་ཅིང་ཕན་ཚུན་གདོང་འཕྲད་པའི་གནས་བབ་ཚ་བོའི་འོག་རང་གི་རིག་གནས་ཇི་ལྟར་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་ཟློག་ཏུ་མེད་པའི་འགན་འཁྲི་ཞིག་ཏུ་ཆགས་ཡོད་པ་ངེས་པར་ཤེས་དགོས་ཏེ། སྔར་བཤད་པའི་དབྱིན་ཇིའི་མཁས་དབང་ཁ་ཨེར་པོ་ཕུའར་མཆོག་གིས་ཚན་རིག་སོགས་ཐབས་ཤེས་ཡང་དག་པར་རློམ་པ་གང་གིས་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་སྔོན་དཔོག་བྱེད་མི་ཐུབ་པར་གསུངས་པ་ལྟར་ན། རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་ཕྱོགས་མཚམས་དེའང་ད་ལྟར་རང་གི་ལག་ནས་མ་འཆོར་བ་བྱེད་དགོས་པར་བློ་ཁ་བསྐྱེད་པ་མ་ཡིན་ནམ། 
          གཉིས།  རིག་གནས་སྲོལ་བཟང་ཡལ་བར་མི་འདོར་གལ། 
          ང་ཚོའི་རིག་གནས་ཁྲོད་ན་རང་གཞན་ཀུན་ལ་བདེ་བ་བསྐྲུན་ཐབས་དང་སྡུག་བསྔལ་འདོར་ཐབས་ཀྱི་ཤེས་བྱའི་གནས་ཟབ་ཅིང་རྒྱ་ཆེ་བ་རྣམ་གྲངས་མང་བ་སྟེ།  སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང་སྙན་ངག་མངོན་བརྗོད་སྐར་རྩིས་ཟློས་གར་བཅས་རིག་གནས་ཆེ་ཆུང་བཅུའི་བདག་ཉིད་དུ་གྱུར་བ་གང་ཞིགགཞན་དག་ཚར་གཅད་རྗེས་སུ་གཟུང་བར་བྱ་བ་དང་། རང་ཉིད་ཀུན་ཤེས་བྱ་བའི་ནོར་བུའི་བང་མཛོད་གཞལ་དུ་མེད་པ་ཞིག་རང་ཅག་གི་མི་རིགས་འདི་ལ་མཆིས་པས། དེ་དག་ལས་ཡུལ་དུས་དང་མི་མཐུན་པའི་སྲོལ་ངན་ལུགས་ངན་མི་རིགས་སྤྱི་དང་སྒེར་གྱི་འཚོ་གནས་འཕེལ་རྒྱས་ཀྱི་གནོད་བྱེད་དམ་གེགས་སུ་འགྲོ་ཉེན་ཆེ་བའི་རིགས་ཉུང་ངུ་མ་གཏོགས། ཕལ་ཆེར་རང་གཞན་ཀུན་ལ་ཕན་འདོགས་པར་ནུས་པ་ཤ་སྟག་ཏུ་ངེས་ན།  དེ་དག་གི་རིན་ཐང་དང་དགེ་མཚན་ངོས་ཟིན་ནས་ལེགས་པར་འཛིན་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ། 
          གསུམ།  རིག་གནས་མ་ལག་ཚང་བར་གཏང་རྒྱུ་གལ། 
          དེ་ལྟ་ནའང་ལ་ལ་ཞིག་རྙིང་ཞེན་དང་བག་འཁུམས།  ལེ་ལོ་དང་སྒྱིད་ལུགརང་ལྟ་མཆོག་འཛིན། རང་བསྟོད་གཞན་སྨོད་སོགས་ཀྱིས་རང་གི་རིག་གནས་ཁོ་ན་མཆོག་ཏུ་རྩིས་ཤིང་།  གཞན་གྱི་དེ་དམན་པར་བལྟས་ན། རིག་པ་གསར་བ་དང་ལེན་བྱེད་པར་ཕན་མི་ཐོགས་པར་མ་ཟད།  རིག་གནས་རྒྱུད་འཛིན་གྱི་གེགས་སུའང་གྱུར་འགྲོ་བས།  ད་ལྟའི་རིག་གནས་ཀྱི་རྨང་གཞི་ལ་གཞན་གྱི་རིག་གནས་གསར་བ་དང་སྔོན་ཐོན་གྱི་ལེགས་ཆ་བླང་ནས་ཁ་བསྐངས་ཏེ། འཚོ་བཅུད་གསར་བས་རིག་གནས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དེ་ཡི་མཐུན་རྐྱེན་ལ་སློབ་གྲྭ་ཁག་ཏུ་དེང་རབས་ཀྱི་བསླབ་ཚན་སོགས་གསར་བ་ཁ་བསྣན་ཅིང་རྒྱ་བསྐྱེད་ནས་རང་སྐད་དུ་སྦྱོང་ཐུབ་པ་ཞིག་ཀྱང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་དེ། དགོས་པ་དེ་བཞིན་རྟོགས་ཀྱང་རང་གི་རིག་གནས་ལ་ཤ་མ་ཚ་སྟེ་བདག་པོ་རྒྱག་མ་ཐུབ་ན། ཚངས་མགུར་ལས། ནོར་བུ་རང་ལ་ཡོད་དུས༎ནོར་བུའི་ནོར་ཉམས་མ་ཆོད༎ནོར་བུ་གཞན་ལ་ཤོར་དུས༎ སྙིང་རླུང་སྟོད་ལ་འཚང་བྱུང་༎ཞེས་གསུངས་པ་ལྟར། རང་གི་རིག་གནས་ཀྱི་ནོར་བུ་རིན་པོ་ཆེ་གཞན་རིགས་ཀྱི་གན་མཛོད་དུ་ཤོར་ནས་རང་ཉིད་ལག་སྟོང་དུ་འགྱུར་བའི་རྒྱུ་ལས་མ་འདས་ཕྱིར། ཉེན་ཉམས་ཀྱི་གནད་འདི་ལའང་ཅིས་ཀྱང་བསྲན་ཚུགས་པར་བྱ་དགོས་སོ་སྙམ། 
          བཞི།  རིག་གནས་ཡིད་རྟོན་རང་ངོར་བསྐྱེད་རྒྱུ་གལ། 
          ལར་བྱ་བ་གང་ཡང་རང་གི་བརྩོན་པ་ལ་བརྟེན་དགོས་ཤིང་དེ་ལྟར་བསླབས་ནས་གོམས་པར་བྱེད་དགོས་པ་ནི།  མ་བསླབས་པ་ལ་ཀུན་མཁྱེན་དུ༎འགྲོ་ན་རྒྱུ་འབྲས་ག་ལ་ལྡན༎ ཞེས་དང་།  གོམས་ན་སླ་བར་མི་འགྱུར་བའི༎དངོས་དེ་གང་ཡང་ཡོད་མ་ཡིན༎ ཞེས་སྔོན་གྱི་སྐྱེས་བུ་དག་གསུངས་པ་ལྟར། རང་ཅག་གི་རིག་གནས་ཀྱི་རིན་ཐང་དང་དེའི་ཆ་ཤས་མང་པོ་ཞིག་དུས་ཀྱི་འཕོ་འགྱུར་ཁྲོད། རིམ་གྱིས་ཉམས་པའམ་སོར་མ་ཆུད་པར་འགྱུར་བཞིན་པ་དེ་ལྟ་ནའང་།  རིག་གནས་བསམ་བློའམ་ཉིང་བཅུད་གང་ཞིག་ཇི་ལྟར་སྲུང་ཞིང་འཛིན་པ་དང་།  གང་ཞིག་སྲུང་ཡང་དོན་མེད་དུ་འགྱུར་བ། གང་ཞིག་མ་སྲུང་ཡང་འཕེལ་བར་འགྱུར་བ་སོགས་སོ་སོར་རྟོགས་པར་བྱས་ཤིང་རིག་གནས་ལ་ཡིད་རྟོན་ཀྱི་གདེངས་བསྐྱེད་དགོས་ཏེ། རྗེ་ཙོང་ཁ་བས། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་ཅེས་གལ་བོ་ཆེར་གསུངས་པའི་རིགས་ལམ་ཕྲ་མོའི་སྒོ་ནས་བརྟགས་ཤིང་དཔྱད་དེ། རྟོན་པ་བཞིའི་རྣམ་བཞག་སོགས་དང་ཡང་མི་འགལ་བར་ཆོས་དང་འཇིག་རྟེན་གྱི་བྱ་བ་ལེགས་པར་ཤེས་པར་བྱས་ནས། དཔལ་འབྱོར་ཕན་ཁེ་ཁོ་ནར་རྩིས་སུ་བྱེད་པའི་སྤྱི་ཚོགས་ཀྱི་རླབས་རྒྱུན་ཁྲོད། མི་རིགས་རང་གི་རིག་གནས་ཀྱི་རང་མདངས་མ་ཡལ་བ་དང་། འཚོ་གནས་ཀྱི་གནད་དོན་ཡང་འཐུས་སུ་མ་ཤོར་བ་དང་ཐབས་ཀྱིས་མ་སྟོངས་པར་ཐག་གིས་ཆོད་པ་ཞིག་བྱུང་ན་ནི།  རང་གི་རིག་གནས་ཀྱི་རིན་ཐང་མངོན་པར་གྱུར་བ་དང་དེ་ལ་ཡིད་རྟོན་ཆེ་རུ་འཕེར་བ། ཐུན་མོང་སྤྱི་ཚོགས་ཀྱི་དབང་དུ་བྱས་པའི་འདྲ་མཉམ་རང་དབང་མཐུན་འཆམ་གྱི་ཡིད་འོང་མངོན་པར་དགའ་བའི་ཚུལ་དེ་ཡང་གངས་ལ་ཉི་མ་ཤར་བ་བཞིན་དུ་ལེགས་པར་འབྱུང་སྲིད་པ་ཡིན་ནོ༎
མདོར་ན།  དཔེ་ཀློག་གི་བྱ་བ་ལ་ཕྱིས་འགྱངས་མེད་པར་ད་ནས་བརྩོན་པར་བྱ་སྟེ། དཔེ་ཆ་ནི་འུ་ཅག་གི་འཚོ་བའི་ལོངས་སྤྱོད་ཡིན་ལ།  དཔེ་ཀློག་ནི་མི་ཚེའི་སྙིང་བོ་ལེན་ཚུལ་ཡིན། ལར་དཔེ་ཆ་ཀློག་པ་ལ་ཁོག་རྒྱ་དང་སྙིང་རུས།  བློ་སྤོབས་བཅས་མེད་མི་རུང་། ཁོག་རྒྱ་མེད་ན་གང་ཞིག་བཀླག་དགོས་པ་དེ་མི་ཀློགསྙིང་རུས་མེད་ན་གང་ཀློག་མཐའ་འཁྱོལ་བ་ཞིག་མི་འོང་།  བློ་སྤོབས་མེད་ན་བཀླགས་ཀྱང་དགེ་ཐོན་པ་ཞིག་འབྱུང་དཀའ།  དེ་ལྟ་བུའི་དཔེ་ཀློག་གང་དེ་ཤེས་རབ་འཕེལ་བའི་རྒྱུ་དང་མི་གཞི་ལེགས་པའི་རྐྱེན།  ལུས་ངག་ཡིད་གསུམ་དགེ་བར་བསྐུལ་བའི་ལམ་དུ་འགྱུར་དགོས་ན། ངེས་པར་ཐབས་ཚུལ་ཡང་དག་ཅི་རིགས་སུ་བསྟེན་ཚུལ་ལ་མཁས་དགོས་པ་སྨོས་མེད་དེ།  དཔེ་ཀློག་ཀུན་གྱི་ཐོག་མར་གནད་དོན་ཞིག་ཡིད་ལ་བཅགས་ནས་ཤིག་འཚོལ་འཚོལ་གྱིས་འཇུག་རྒྱུ་དེ་གལ་ཆེ་བར་མཐོང་ལ། རྒྱ་ནག་གི་མཁས་པ་ལིན་ཡུས་ཐང་(林语堂)ལགས་ཀྱིས་དཔེ་ཆ་ཀློག་སྐབས་ཡུལ་དུས་གནས་སྐབས་མི་གཅིག་པ་ཉིད་ན་ཁམས་དང་མོས་པ་མི་འདྲ་བ་ཤེས་པའི་སྒོ་ནས།  སྐབས་གང་དུ་དཔེ་ཆ་ཅི་ཞིག་ཀློག་པ་དང་། དུས་གང་ལ་དཔེ་ཆ་གང་ཞིག་གདམ་པ། ཁམས་གང་གི་ཚེ་དཔེ་ཆ་གང་ཞིག་བལྟ་བ། ལྷག་པར་མོས་པ་གང་ལ་ཕྱོགས་པའམ་ལྡན་པའི་ཚེ་དཔེ་ཆ་གང་ཞིག་ཀློག་པར་འོས་པ་སོགས་ཐབས་མཁས་ཀྱིས་སྤྲོ་བས་འཇུག་དགོས་པར་སྙིང་དང་འདྲ་བའི་བུ་སློབ་རྣམས་ལ་གདམས་པ་བཞིན།  དཔེ་ཀློག་གི་བྱ་བའི་མགོ་མཇུག་ཀུན་ཏུ་དེ་དང་དེའི་བླང་དོར་མ་ནོར་བར་བྱེད་པའང་བློ་གསལ་དག་གིས་ཡིད་ལ་འཛིན་དགོས་སོ༎
          མཇུག་མཐར་བོད་ཡིག་གི་དཔེ་དེབ་ལེགས་ཤོས་འགའ་ཞིག་ངོ་སྤྲོད་པ་ལ། རང་གི་ཁམས་དང་མོས་པ་བཞིན་ཡུལ་དུས་དང་མཐུན་པར་བཀླག་པར་བྱ་ཞིང་།  རྒྱ་ཡིག་དང་ཕྱི་ཡིག་གི་དཔེ་དེབ་རིན་ཐང་ཅན་ཤིན་ཏུ་མང་པོ་མཆིས་པ་རྣམས་སྐབས་གཞན་དུ་རྟོག་ལ་ཤེས་པར་བྱ་སྟེ། 
          མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་རྒྱས་པ། 
          ས་པཎ་གྱི་མཁས་འཇུག་དང་དེའི་རྣམ་བཤད་སོགས། 
          ཤོང་སྟོན་གྱིས་བསྒྱུར་བའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། 
          མངའ་བདག་ཉང་གི་ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད། 
          གཏེར་སྟོན་ཨུ་རྒྱན་གླིང་བས་བཏོན་པའི་བཀའ་ཐང་སྡེ་ལྔ། 
          རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོ་དང་གསུང་རྩོམ་ཐོར་བུའི་སྐོར། 
          གཙང་སྨྱོན་ཧེ་རུ་ཀའི་མི་ལ་རས་པའི་རྣམ་མགུར། 
          བཀའ་གདམས་པའི་གསུང་རྩོམ་གཅེས་བསྒྲིགས། 
          འབྲུག་རྒྱལ་དབང་ཆོས་རྗེ་བའི་རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོ། 
          དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། 
          ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་པའི་ལམ་རིམ་བླ་བརྒྱུད་ཀྱི་རྣམ་ཐར་སོགས། 
          ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་འཇམ་བཞད་རྣམ་ཐར་སོགས། 
          ཐུའུ་བཀྭན་བློ་བཟང་ཆོས་ཉིས་མཛད་པའི་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་སོགས། 
          རྣམ་གྲོལ་ལག་བཅངས་སོགས་ལམ་རིམ་ཆེན་མོའི་བཤད་ཁྲིད་འགའ། 
          རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་དབང་གི་གསུང་རྩོམ། 
          རྡོ་གྲུབ་ཆེན་བསྟན་པའི་ཉི་མའི་གསུང་རྩོམ། 
          ཨ་ལག་ཤ་ངག་དབང་བསྟན་དར་བའི་གསུང་འབུམ། 
          མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། 
          མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། 
          དཔལ་དོན་གྲུབ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། 
          གངས་ཅན་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སོགས་རེ་ཞིག་འདི་དག་གིས་འཐུས་པར་བྱས་སོ༎
          ཞེས་གྲོང་ཁྱེར་ཆེན་མོ་ལན་གྲུའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ག་གེ་མོར་བོད་ཀྱི་སློབ་མ་རྣམས་ལ་དཔེ་ཀློག་གི་སྐོར་ནས་ཁ་བརྡ་ཞིག་བྱེད་དགོས་ཚུལ་དེ་གའི་སྡེ་ཁག་དུ་མའི་སློབ་མའི་ཚོགས་པའི་མིང་ཐོག་ནས་བསྐུལ་བའི་བརྡ་འབྱོར་བ་ན། ཁོ་ཚོའི་མོས་འདུན་ལྟར་ཆུ་ཚོད་གཉིས་ཙམ་གྱི་ཡུན་ཚད་དང་འགྲིག་པའི་བརྗོད་བྱ་སོགས་གང་ཅི་ནས་ཆེས་ཟབ་ཅིང་བརླིང་བ་མ་ཡིན་མང་ཉུང་རན་ལ་གོ་བདེ་བ་འདི་འདྲ་ཞིག་གྲུབ་པར་བྱས། འོན་ཏེ་སྐབས་སུ་བབ་པ་ན་རྒྱུ་རྐྱེན་ནམ་དུས་དབང་དམིགས་བསལ་བ་ཞིག་གི་གེགས་བར་གྱིས་དོན་དེ་བཞིན་ཕྱོགས་གཉིས་ཀའི་འདོད་ཐོག་ཏུ་མ་སྨིན་ཡང་། རང་གི་མ་ཟིན་ཏུ་ཐོན་པ་རྣམས་ཅིས་ཀྱང་ཆུད་ཟོས་སུ་མ་སོང་བ་ཞིག་དགའ་སྙམ་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་མིང་ཙམ་འཛིན་པ་ཤ་བོ་རབ་བརྟན་ནམ་སྐར་མ་ཨ་བརྟན་དུ་འབོད་པས་སྦྱར་བ་དགེའོ༎