ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

ཇ་བཤད།

སྤེལ་དུས 2024-01-10 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
ཡ། ད་ནངས་ནམ་ལངས་ཀྱི་མགོ་མ་ཉི་ཤར་གྱི་རྩེ་མོར།།
ཨ་ཅེ་གསེར་མོ་མཚོ་དང་དངུལ་མོ་མཚོ་ཡིས།།
ཆུ་བཙལ་གིན་བཙལ་གིན་ནགས་ལ་སོང་ཟིག།
ནགས་ནས་མ་རྙེད་རྫ་ལ་སོང་ཟིག།
རྫ་ནས་རྫ་ཆུ་བསིལ་མ་རྙེད་ཟིག།
རྫ་ཡི་རྫ་ཆུ་བསིལ་མ་འདི།།
ཁ་ནས་བཅུས་ན་གཡའ་དྲི་བྲོ་གི།
ཞབས་ནས་བཅུས་ན་འདམ་དྲི་བྲོ་གི།
བར་གྱི་རྫ་ཆུ་བསིལ་མ་བཅུས་དགོས་ཟེར་རྒྱུ།།

ཡ། བར་གྱི་རྫ་ཆུ་དྭངས་མ་འདི།།
གསེར་གྱི་ཐོམ་བུའི་ནང་ལ་བཅུས་ནས།།
གསེར་ཟོ་ནང་དུ་ཤག་སེ་བླུགས་ཟིག།
གསེར་ཐག་ཕྲ་མོ་རྐེད་ལ་བཅིངས་ཏེ།།
པུས་མོ་འཕང་ལོའི་ཚིགས་ལ་བླངས་ཟིག།
གད་པ་གཡུང་དྲུང་སྟེགས་བུར་བཞག་སྟེ།།
སྐེད་པ་རྡོ་རྗེ་གདན་ལ་ཁུར་ཟིག་ཟེར་རྒྱུ།།

ཡ། ཡར་ལ་ག་མ་གོག་ལ་ཡོང་ཟིག།
མར་ལ་ལྡ་མ་ལྡིང་ལ་བབས་ཟིག།
གཉེན་ཚང་ཚང་ལ་ཐོན་དུས་ན།།
སྒྱེད་པུའི་སུམ་བཙུགས་ཁྲི་ཞིག་ཡོད་ཀི།
སྒྱེད་པུའི་སུམ་བཙུགས་ཁྲིའི་སྟེང་ན།།
འཁར་ཟངས་གོར་མོ་ཟེར་བའི་རྒྱན་ཟིག་ཡོད་ཀི།
འཁར་ཟངས་གོར་མོ་ཟེར་བའི་རྒྱན་ནང་ལ།།
སྔོན་མོ་གཙང་ཆབ་ཆུ་འདི་བླུགས་ཟིག་ཟེར་རྒྱུ།།

ཡ། ཆུ་མ་མང་མ་ཉུང་ཟོ་གསུམ་བླུགས་ཟིག།
ཅུང་ཉུང་གི་ཟེར་ནས་ཐོམ་གསུམ་བླུགས་ཟིག།
ཇ་མ་མང་མ་ཉུང་ལེབ་གསུམ་འདེབས་ཀི།
ཅུང་ཉུང་གི་ཟེར་ནས་སྤར་གསུམ་སྣོན་གི་ཟེར་རྒྱུ།།

ཡ། ཇ་འདི་ཡི་འབྱུང་ཁུངས་མི་བཤད་མོ།།
ཇ་འདི་ཡི་འབྱུང་ཁུངས་བཤད་རྒྱུ་ན།།
ཇ་འབུད་ས་རྒྱ་ནག་ཡུལ་ནས་བུད་ཟིག།
འདི་ཉིན་ལ་སྐྱེས་པའི་སྲོང་ཇ་ཡིན།
སྲོང་དཀར་ཇ་ཡི་རྩེ་མོ་ཡིན།།
འདི་སྲིབ་ནས་སྐྱེས་པའི་སྲོང་ཇ་ཡིན།།
སྲོང་ནག་ཇ་ཡི་རྩེ་མོ་ཡིན་ཟེར་རྒྱུ།།

ཡ། འདི་དཔྱིད་ཟླ་གསུམ་འབུད་དུས་ཡག་གི།
དབྱར་ཟླ་གསུམ་དུས་སྐྱེས་དུས་ཡག་གི།
སྟོན་ཟླ་གསུམ་ལ་སྨིན་དུས་ཡག་གི།
རྒྱ་མོ་ཐོར་ཅོག་ཅན་གྱིས་གཞབ་དུས་ཡག་གི།
རྒྱ་རྒན་རལ་བ་ཅན་གྱིས་འཚོང་དུས་ཡག་གི།
ཇ་བསྙལ་ཐལ་བསྙལ་ཐལ་ཟེར་དུས་ན།།
རྫ་མགོའི་སྨུག་པ་ལངས་འདྲ་རེད།།
འཛམ་གླིང་ཉི་མ་སྐམ་དུས་ཡག་གི།
ཇ་ཤོག་སེར་བོའི་ན་བཟའ་ཡག་གི།
ཇ་ལྭ་དམར་པོའི་སྐེད་རགས་ཡག་གི་ཟེར་རྒྱུ།།

ཡ། ཇ་བཀལ་ཏེ་རྒྱ་གར་ཡུལ་ལ་སོང་ཟིག།
རྒྱ་གར་རྒྱལ་བོའི་ཕྱག་ལ་བཞག་ཟིག།
རྒྱ་གར་རྒྱལ་བོའི་གསེར་ཐེལ་བརྒྱབ་ཟིག།
ཇ་བཀལ་ཏེ་རྒྱ་ནག་ཡུལ་ལ་སོང་ཟིག།
རྒྱ་ནག་གོང་མའི་ཕྱག་ལ་བཞག་ཟིག།
རྒྱ་ནག་གོང་མས་དངུལ་ཐེལ་བརྒྱབ་ཟིག།
ཇ་བཀལ་ཏེ་གངས་ཅན་ཡུལ་ལ་ཐོན་ཟིག།
གངས་ཅན་རྒྱལ་བོའི་ཕྱག་ཏུ་བཞག་ཟིག།
གངས་ཅན་རྒྱལ་བོས་དུང་ཐེག་བརྒྱབ་ཟིག།
ཇ་ཐེལ་སྣ་གསུམ་དེ་ནས་འཛོམས་ཟིག།

ཡ། ཇ་བཙོང་མཁན་མི་མཐོ་ཉོ་མཁན་མཐོ།།
ཇ་བཙོང་མཁན་ཚོང་དཔོན་ཉི་མ་ཡིན་ཟེར།།
ཉོ་མཁན་ཁ་བ་ཅན་འདི་ཡིན་ཟེར།།
གོང་གཏམ་ཐལ་གཏམ་ཐལ་ཟེར་དུས་ན།།
ནང་ཕ་ཁུ་བརྒྱ་ཡིས་རིན་གོང་གཅོད་ཀི།
ལུག་གཡང་དཀར་བརྒྱ་དང་ཆ་གཅིག་བཤད་ཀི།
ཕ་དེ་ཚོར་ལུག་འདང་ཆེ་ནི་ཟེར་ཀི།
ད་དུང་ཅུང་ཞིག་དམའ་འདུག་ཟེར་ཀི།
མ་སྲུ་མོ་བརྒྱ་ཡིས་རིན་གོང་གཅོད་ཀི།
འབྲི་ཐུལ་མ་བརྒྱ་དང་ཆ་གཅིག་བཤད་ཀི།
མ་དེ་ཚོར་འབྲི་འདང་ཆེ་ནི་ཟེར་གི།
ད་དུང་ཅུང་ཞིག་དམའ་འདུག་ཟེར་གི།
བུ་སྟག་ཕྲུག་བརྒྱ་ཡིས་རིན་གོང་གཅོད་ཀི།
རྟ་འདོ་བ་བརྒྱ་དང་ཆ་གཅིག་བཤད་ཀི།
བུ་དེ་ཚོར་རྟ་འདང་ཆེ་ནི་ཟེར་ཀི།
གོང་གཅོད་ཐལ་གཅོད་ཐལ་ཟེར་དུས་ན།།
རྣོན་པོ་མཚོན་གྱིས་བཅད་འདྲ་རེད།།
སིལ་དི་རེ་སྒོར་མོ་ཕར་ལ་བརྩིས་ཀི།
ཤོག་དི་རེ་ཇ་ལེབ་ཚུར་ལ་ལེན་གི།

ཡ། མེ་འབར་ཐལ་འབར་ཐལ་ཟེར་དུས་ན།།
ཤུག་པ་ལྷ་ཤིང་བཤགས་ན་འབར་གི།
གྲ་མ་དགྲ་ཐུབ་མནན་ན་འབར་གི།
སྤེན་མ་དགྲ་བོ་དཀྱུས་ན་འབར་གི།
ཚེར་མ་དགྲ་འགོ་བཅག་ན་འབར་གི།
ལྕི་བ་གཡུང་དྲུང་བསྒོང་ན་འབར་ན།།
རིལ་མ་ཐེའུ་རང་གཏོར་ན་འབར་གི།།
དུ་བ་ལྷོ་སྤྲིན་འཁྲིགས་འཁྲིགས་བྱེད་ཀི།
མེ་ལྕེ་གློག་དམར་འཁྱུག་འཁྱུག་བྱེད་ཀི།།
མེ་སྒྲ་གཡུ་འབྲུག་འབར་འབར་བྱེད་ཀི།

ཡ། ཇ་འཁོལ་ཐལ་འཁོལ་ཐལ་ཟེར་དུས་ན།།
ཇ་རླངས་སྨུག་རླངས་འཐིབས་འཐིབས་བྱེད་ཀི།
ཇ་ཞག་སེར་བ་འབབ་འབབ་བྱེད་ཀི།
ཇ་སྡོང་ལུག་གུ་རྩེད་རྩེད་བྱེད་ཀི།
ཇ་ལོ་ཁ་ལ་ཡེངས་སེ་གཡེངས་ཀི།
ཇ་རོ་ཞབས་ལ་སུག་སེ་འབབ་ཀི།
ཇ་དྲི་ཕྱོགས་བཞིར་བསུང་སེ་འཐུལ་གི།
འོ་མའི་ཁ་དོག་བརྫོགས་ན་ཡག་གི།
མ་སྲུ་དཔུང་རྩལ་ཅན་གྱིས་གྱེན་ལ་འཕྱར་ན་ཡག་གི།

ཡ། བུ་ཆུང་ང་ཡི་ལག་པ་གཡས་པའི་ནང་དུ།།
དཀར་ཡོལ་ཁྱུང་གཤོག་འབྲུག་མ་ཡོད།།
ཁ་ན་འཁོར་ལོ་རྩིབས་བརྒྱད་ཡོད།།
སྟེང་ན་བཀྲ་ཤིས་རྟགས་བརྒྱད་ཡོད།།
ཞབས་ན་པད་མ་འདབ་བརྒྱད་ཡོད།།
ནང་ལ་ཇ་རྒྱལ་དམར་པོ་བླུགས་ཡོད།།
དེའི་སྟེང་ལ་འབྲི་དམར་སེར་པོ་བླུགས་ཡོད།།
ཕར་ལ་ཕུ་གསུམ་བཏབ་ན།།
ཆུ་ཆེན་ལ་ཡིར་མོ་ཆིལ་འདྲ།།
ཚུར་ལ་ཧུབ་གསུམ་འཐུང་ན།།
ཝ་དམར་པོ་ཁུང་ལ་འཛུལ་འདྲ།།

ཡ། ང་བུ་ཆུང་ལག་པ་གཡོན་པའི་ནང་ལ།།
ཙན་དན་དམར་པོའི་སྡེར་མ་ཡོད་ཀི།
ཙན་དན་དམར་པོའི་སྡེར་མའི་ནང་ལ།།
གོ་རེ་བྱ་རྒྱལ་ཁྱུང་ཆེན་བཞུགས་ཀི།
འདི་ཁ་མིག་མེད་ལ་དགོད་ལ་ཁད།།
གཤོག་པ་མེད་ལ་འཕུར་ལ་ཁད།།
ང་གཉེན་ཚང་གི་སྟོན་ཇ་ཡིན།།
འདིར་ཚོགས་ཀྱི་ཁྲོམ་པའི་མི་རྣམས་ཀྱིས།།
ཐུགས་དལ་དལ་ལ་སྐུ་ལྷོད་ལྷོད་ཀྱིས།།
གསོལ་ཇ་བཞེས་ན་ཟེར་རྒྱུ།།