ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

འགྲོ་མགོན་ཕག་གྲུའི་ད་ཡོད་ཀྱི་རྣམ་ཐར་མདོར་བཤད།

སྤེལ་དུས 2024-01-11 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། བསྟན་འཛིན་བསམ་གྲུབ།
       སྤྱིར་རྣམ་ཐར་ལ་མཛད་པ་པོའི་ཆ་ནས་དབྱེ་ན་རང་རྣམ་དང་གཞན་རྣམ་གཉིས་ཡོད་ལ། རྩོམ་སྟངས་ཀྱི་ཆ་ནས་དབྱེ་ན་ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་གསུམ་དུ་མཆིས། འགྲོ་མགོན་ཕག་གྲུ་ལ་རང་རྣམ་མེད་ཀྱང་། དངོས་སློབ་དང་ཡང་སློབ་སོགས་ཀྱིས་མཛད་པའི་གཞན་རྣམ་བཅུ་བཞི་ལྷག་མཆིས། འདིར་ད་ཡོད་ཀྱི་རྣམ་ཐར་རྣམས་མདོར་བསྡུས་ཏེ་དངོས་སློབ་ཀྱིས་མཛད་པའི་རྣམ་ཐར་དང་། ཡང་སློབ་ཀྱིས་མཛད་པའི་རྣམ་ཐར། ཉིང་སློབ་དང་གཞན་དག་གིས་མཛད་པའི་རྣམ་ཐར་བཅས་ཕྱོགས་གསུམ་ནས་བཀོད་ན་འོས་ཆེ་བར་མཐོང་ངོ་། །
       གཅིག དངོས་སློབ་ཀྱིས་མཛད་པའི་རྣམ་ཐར།
       སྤྱིར་འགྲོ་མགོན་ཕག་གྲུ་ལ་བུ་སློབ་སྐར་ཚོགས་ལྟར་བཀྲ་ལ། ལྷག་པར་བཀའ་བརྒྱུད་ཀྱི་གདན་ས་བཏབ་སྟེ་བསྟན་པ་སྤེལ་བར་ཕྱག་རྗེས་བླ་མེད་འཇོག་མཁན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་དང་། སྟག་ལུང་ཐང་བ་བཀྲ་ཤིས་དཔལ། འགྲོ་མགོན་རྒྱལ་ཚ་རིན་པོ་ཆེ། གླིང་རས་པ་སེང་གེ་རྡོ་རྗེ། ཡེལ་བ་ཡེ་ཤེས་བརྩེགས་པ། གཡའ་བཟང་ཆོས་རྗེ་སྨོན་ལམ། གྱེར་སྒོམ་ཚུལ་ཁྲིམས་འབྱུང་གནས་སོགས་མང་དུ་བྱུང་ཡང། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་མ་གཏོགས་གཞན་རྣམས་ཀྱིས་འགྲོ་མགོན་ཕག་གྲུའི་རྣམ་ཐར་མཛད་མེད་དོ། ། ཡིན་ཡང་དང་ཐོག་མཆེད་གྲོགས་ཡིན་ལ་རྗེས་སུ་ཆོས་ཕར་གསན་ཚུར་གསན་གནང་མྱོང་མཁན། ཁམས་པ་མི་གསུམ་དུ་གྲགས་པའི་ཡ་གྱལ་ཀརྨ་དུས་གསུམ་མཁྱེན་པས(1110-1193)མཛད་པའི«འགྲོ་མགོན་རིན་པོ་ཆེ་ཡི་རྣམ་ཐར་སྐྱེས་རབས་དང་བཅས་པ་རིན་ཆེན་འཕྲེང་བ་འབྲིང་བོ»ཞེས་པ་ནི་གསང་བའི་རྣམ་ཐར་ཡིན་ལ། འགྲོ་མགོན་གྱི་རྣམ་ཐར་ཀུན་གྱི་ཕྱི་མོའང་ཡིན། གཞན་འགྲོ་མགོན་གྱི་དངོས་སློབ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས(1143-1217)མཛད་པའི«འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར་ཉམས་ལེན་མི་ཟད་པ་རྒྱ་མཚོའི་གཏེར»ནི་ཐུན་མོང་བའི་རྣམ་ཐར་མི་ཡུལ་དུ་འཁྲུངས་པ་ཐོག་མ་ཡིན། ཡིན་ཡང་སྔོན་བྱོན་མཁས་པ་དག་ནི་དོན་བསྡུས་ལ་ཚིག་ཉུང་བའི་སྒོ་ནས་རྣམ་ཐར་རྩོམ་རྒྱུར་མོས་པས་ཅུང་བསྡུས་དྲགས་མོད། རྣམ་ཐར་འདི་ནི་མཁས་གྲུབ་རྗེ་ཡིས་མཛད་པའི«རྗེ་ཙོང་ཁ་པ་ཆེན་མོའི་རྣམ་ཐར་དད་པའི་འཇུག་ངོགས»ལྟར་ཕྱིས་བྱུང་གི་རྣམ་ཐར་ཀུན་གྱི་ས་བོན་ལྟ་བུར་གྱུར་པ་ནི་གོར་མ་ཆག་གོ །
       གཉིས། ཡང་སློབ་ཀྱིས་མཛད་པའི་རྣམ་ཐར།
       ཕག་གྲུ་གདན་རབས་བཞི་པ་རྒྱལ་ཐོག་རྡུགས་པའམ་སྤྱན་སྔ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས(1203-1267)ཀྱིས་མཛད་པའི«འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར་ཉམས་ལེན་མི་ཟད་པ་རྒྱ་མཚོའི་གཏེར»གྱི་ཟིན་བྲིས་ནི། འགྲོ་མགོན་གྱི་རྣམ་ཐར་ཐམས་ཅད་ཀྱི་ནང་གི་རྩ་ཆེ་ཤོས་དེ་རེད་སྙམ། རྒྱུ་མཚན་འབྲི་གུང་སྐྱོབ་པས་རྣམ་ཐར་ཉམས་ལེན་མི་ཟད་པའི་གཏེར་ལ་འཆད་ཉན་བྱས་པ་རྒྱལ་བ་ཐོགས་རྡུགས་པས་ཟིན་བྲིས་སུ་བཀོད་པ་རྣམ་ཐར་གྱི་མཇུག་བྱང་དུ།“རྒྱལ་བ་རིན་ཆེན་ཐོག་རྡུགས་པས། །ཚོགས་དང་ལྐོག་ཏུ་གསུངས་པ་ལ། །བདག་གིས་ཅུང་ཟད་ནན་ཏན་བྱས། །རྗེ་རིན་ཆེན་དེ་ཡི་ཐུགས་ཀྱི་སྲས། །བསགས་པའི་རྒྱབ་ཅན་སྐལ་བར་ལྡན། །ཁ་ལྡོ་རིན་ཆེན་གཞོན་ནུ་ཡིས། །ཁྱེད་ཀྱིས་ཡི་གེར་བཀོད་དགོས་གསུང་། །ཐོས་ནས་ཡུན་རིང་སོང་བ་དེས། །འོང་ངམ་མི་འོང་སྙམ་པ་ལ། །ཁོང་གིས་ཡང་ཡང་དྲག་ཏུ་སྐུལ། །ཁོང་གི་གདོང་ནི་མ་ལྡོག་པས། །བདག་གིས་ཡི་གེར་བཀོད་པ་ལ།”ཞེས་གསུང་པ་ལས་གསལ་པོར་རྟོགས་ཐུབ། འདི་ནི་འབྲི་གུང་སྐྱོབ་པས་མཛད་པའི་རྣམ་ཐར་གྱི་འགྲེལ་བའམ་ཟིན་བྲིས་ཡིན་པས། རྩ་བ་ཅུང་བསྡུས་དྲགས་པ་རྒྱས་པར་འབྲེལ་ཡོད་ལ། རྣམ་ཐར་རྙིང་བ་རྣམས་ཀྱི་ནང་ནས་རྒྱས་ཤོས་དེ་ཡིན། རྡོག་སེང་གེ་ཁ་བའི་སློབ་མ་དཔལ་ཆེན་ཆོས་ཀྱི་ཡེ་ཤེས་ཀྱིས་མཛད་པའི«ཆོས་རྗེ་རིན་པོ་ཆེ་ཡི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་ཡི་ཕྲེང་བ་གཟི་བརྗིད་འབར་བའི་སྒྲོན་མེ»ནི་ཐུན་མོང་བའི་རྣམ་ཐར་ཡིན་ལ། རྣམ་ཐར་ཅུང་རྒྱས་པའི་ཁོངས་སུ་གཏོགས། ལོ་ཚིགས་གལ་ཆེན་འགའ་ཤས་རྒྱལ་བ་ཐོག་རྡུགས་པས་མཛད་པའི་ཟིན་བྲིས་དང་ཡོངས་སུ་འགལ་མོད། ཕྱིས་བྱུང་གི་རྣམ་ཐར་ཀུན་གྱི་ཚད་མར་འཛིན་ས་ལྟ་བུར་གྱུར་ཡོད། མཛད་པ་པོ་དཔལ་ཆེན་ཆོས་ཀྱི་ཡེ་ཤེས་ནི་ལྷོ་རུང་ཆོས་འབྱུང་སོགས་སུ་འབྲི་གུང་སྐྱོབ་པའི་སློབ་མ་ཡིན་པར་གསུང་ཡང་། ཕག་གྲུ་ཆོས་འབྱུང་དུ་དཔལ་ཆེན་ཆོས་ཡེ་གཉིས་ཡོད་པ་ལས་རྡོག་སེང་གེ་ཁ་བའི་སློབ་མ་ཡིན་པར་བཞེད། གང་ལྟར་བླ་མ་སུ་ཡི་སློབ་མ་ཡིན་རུང་ཡང་སློབ་ཤ་སྟག་གོ །
       གསུམ། ཉིང་སློབ་དང་གཞན་དག་གིས་མཛད་པའི་རྣམ་ཐར།
       རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ་ཡིས་མཛད་པའི«འགྲོ་བའི་མགོན་པོ་ཕག་མོ་གྲུ་པའི་རྣམ་པར་ཐར་བ་ངོ་མཚར་ཞིང་ཁྱད་དུ་འཕགས་པ་དད་པའི་གསོལ་འདེབས»ཞེས་བྱ་བ་ནི་གསོལ་འདེབས་རྣམ་ཐར་ཡིན་ལ། བསྡོམས་པས་ཚིགས་བཅད་ཉེར་གཅིག་ཡོད་པ་དང་། དེ་ལ་རང་འགྲེལ་བརྩམས་ནས་རྩ་འགྲེལ་སྦྲགས་མར་གནས། ཚིགས་བཅད་རྣམས་བློར་འཛིན་བདེ་བ་དང་འགྲེལ་བ་ལྷུག་པ་ལྟར་བྲིས་པས་གོ་སླ་བ་སོགས་ཀྱི་ཁྱད་ཆོས་མང་དུ་བདོག འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར་ཚིགས་བཅད་ཀྱི་ལམ་ནས་མཛད་པ་ཐོག་མ་ཡིན། དུས་རབས་བཅོ་ལྔ་པའི་ནང་དུ་ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ་ཡིས་མཛད་པའི«འགྲོ་མགོན་གྱི་རྣམ་ཐར་ཡོན་ཏན་མི་ཟད་གཏེར་མཛོད»ནི་ཐུན་མོང་བའི་རྣམ་ཐར་ཡིན་ལ། རྣམ་ཐར་སྔོན་མ་དང་མི་འདྲ་བར་འོས་ཤིང་འཚམ་པའི་སྐབས་ལ་ལར་བླ་མ་སྒམ་པོ་བ་བསྟོད་པའི་མགུར་དང་གསོལ་འདེབས། སྐྱེས་རབས་སོགས་བཀོད་འདུག་རྐྱེན། མི་ལ་རས་པའི་རྣམ་ཐར་དང་། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་སོགས་དང་ཆ་འདྲ་བོ་འདུག བྱམས་པ་འཕྲིན་ལས་ཀྱིས་མཛད་པའི«འགྲོ་བའི་མགོན་པོ་ཕག་མོ་གྲུ་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྦྲང་ཆར»ནི་གསོལ་འདེབས་རྣམ་ཐར་ཡིན་ལ། ཚིགས་བཅད་ཉི་ཤུ་ཡོད། ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་ཅན་དང་ལྔ་ཅན། དྲུག་ཅན། བདུན་ཅན་བཅས་ཡོད་དེ། ཇོ་བསྟོད་སུམ་ཅུ་དང་བརྒྱད་ཅུ། རྗེ་ཙོང་ཁ་པའི་རྣམ་ཐར་ཚིགས་བཅད་བཅུ་བདུན་མ་ལྟར། ཚིག་ཉུང་ལ་དོན་བསྡུས་པའི་སྒོ་ནས་མཛད་ཡོད། དགེ་སློང་ཤཱཀྱ་ལེགས་པའི་བློ་གྲོས་ཀྱིས་མཛད་པའི«བཀའ་བརྒྱུད་ཀྱི་རྣམ་ཐར་གསེར་གྱི་ཕྲེང་བ་ལྟ་བུ་ལས་བདེ་བར་གཤེགས་པ་ཕག་མོ་གྲུ་པའི་རྣམ་ཐར»ནི་སྐྱེས་རབས་རྣམ་ཐར་ཡིན། འདིའི་ནང་དུ་འདས་པའི་འཁྲུངས་རབས་བརྒྱད་དང་། ད་ལྟའི་སྐུ་འཁྲུངས་བ་འདི་དང་དགུ། མ་འོངས་འཁྲུངས་རབས་གསུམ་བཅས་བཀོད་ཡོད་སྟབས་རྣམ་ཐར་ཅུང་རྒྱས་པར་གཏོགས། འབྲི་གུང་གདན་རབས་བཅུ་བདུན་པ་ཀུན་དགའ་རིན་ཆེན(1475—1527)གྱིས་མཛད་པའི«རྗེ་ཕག་མོ་གྲུ་པའི་རྣམ་ཐར་གཉིས་མེད་རྟོག་མེད་རྟོགས་པའི་དགའ་སྟོན»ནི་རྣམ་ཐར་ཤིན་ཏུ་བསྡུས་པ་ཞིག་ཡིན་ལ། རྣམ་ཐར་ལ་མཇལ་བ་ཙམ་གྱིས་དཔལ་ཆེན་ཆོས་ཡེས་མཛད་པའི་རྣམ་ཐར་ལ་གཞི་བཅོལ་ནས་བརྩམས་པ་རྟོགས་ཐུབ། སླེ་ལོང་བཞད་པའི་རྡོ་རྗེ(1697-1740)ཡིས་མཛད་པའི«འཇིག་རྟེན་གསུམ་གྱི་མགོན་པོ་རྡོ་རྗེ་རྒྱལ་པོ་དཔལ་ཕག་མོ་གྲུ་པའི་རྣམ་པར་ཐར་བ་ངོ་མཚར་སྙིང་པོ»ནི་སྐྱེས་རབས་རྣམ་ཐར་ཡིན་ལ། མགོའི་མཆོད་བརྗོད་དང་མཇུག་བྱང་མ་གཏོགས་འགྲོ་མགོན་གྱི་སྐྱེས་རབས་ཆོས་ཚན་དྲུག་པོ་ལས་བཏུས་པ་གསལ། འགྲོ་མགོན་གྱི་བཀའ་འབུམ་པོད་དགུའི་བདག་ཉིད་ཅན་བསྡུ་སྒྲིག་བྱེད་པ་པོ་མཁན་པོ་བཤད་སྒྲུབ་བསྟན་འཛིན་གྱིས«གསུང་འབུམ་རིན་པོ་ཆེའི་དཀར་ཆག་རིན་ཆེན་དོ་ཤལ»གྱི་མགོར་བཀོད་པའི་རྣམ་ཐར་ཞིག་འདུག་པ་དེ་རུ། གོང་སྨྲོས་ཀྱི་རྣམ་ཐར་དེ་དག་ལས་རྒྱས་བསྡུས་འཚམས་པ་རེ་བཀོད་པ་མ་གཏོགས་ཁ་ཇེ་གསལ་དང་བཞེད་ཚུལ་མི་འདྲ་བ་གཅིག་ཀྱང་བཀོད་མེད། ཉེ་ཆར་སྐུ་འཚོ་བཞུགས་གནང་བའི་ར་སེ་དཀོན་མཆོག་རྒྱ་མཚོས་མཛད་པའི«འགྲོ་མགོན་རིན་པོ་ཆེ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རིན་པོ་ཆེའི་རྣམ་ཐར་རྒྱས་པ»ནི་སྔར་གྱི་རྣམ་ཐར་ཀུན་དང་ཆ་ཡོངས་སུ་མི་མཐུན་པར། དེང་སྐབས་ཀྱི་རྣམ་ཐར་རྩོམ་སྲོལ་ལྟར་ཆོས་ཚན་ཉེར་བཞིར་བགར་ཏེ་ཆོས་ཚན་རེ་རེ་ཡི་ནང་དུ་འགྲོ་མགོན་གྱི་རྣམ་ཐར་ཁག་དང་ཆོས་འབྱུང་ལོ་རྒྱུས་ཁག་ན་བཀོད་པའི་ལྟ་བ་མི་མཐུན་པ་དག་ལ་དཔྱད་པ་བཏང་སྟེ་ཅུང་འཐུས་ཚང་དུ་བཏང་ཡོད། ད་དུང་ཆོས་འབྱུང་ལོ་རྒྱུས་སོགས་སུ་རྣམ་ཐར་བསྡུས་པ་རེ་བཀོད་ཡོད་མོད། རྩ་བའི་ཁུངས་གཏུགས་ས་ནི་རྣམ་ཐར་འདི་དག་ལས་གཞན་མེད་དོ། །
       མདོར་ན། འགྲོ་མགོན་ཕག་མོ་གྲུ་པར་རང་རྣམ་བརྩམས་མེད་ལ། གཞན་རྣམ་ལ་དངོས་སློབ་ཀྱིས་མཛད་པའི་རྣམ་ཐར་གཉིས་དང། ཡང་སློབ་ཀྱིས་མཛད་པའི་རྣམ་ཐར་གཉིས། བརྒྱུད་པའི་སློབ་མ་དང་གཞན་དག་གིས་མཛད་པའི་རྣམ་ཐར་བཅུ་བཅས་བསྡོམས་པས་རྣམ་ཐར་བཅུ་བཞི་བཞུགས། རྣམ་ཐར་འདི་དག་རྒྱ་ཡིག་སོགས་ཡིག་རིགས་གཞན་དུ་བསྒྱུར་ཡོད་པ་ད་སྔ་མ་མཐོང་ལ། རྣམ་ཐར་འདི་དག་ལས་མང་ཆེ་བ་ཅུང་བསྡུས་དྲགས་པས་དོན་གསལ་པོ་ཞིག་རྟོགས་དཀའ་བ་དང་། དངོས་སློབ་ཀྱིས་མཛད་པའི་རྣམ་ཐར་སོགས་ལས་ཇི་བཞིན་དུ་བཤུ་འབྲི་བྱས་ཏེ་བཀོད་པ་ཅུང་ཤུགས་ཆེ། ཡིན་ཡང་རྣམ་ཐར་འདི་དག་ནི་ཞིབ་འཇུག་པ་དག་ལ་མཚོན་ན་ངེས་པར་མཁོ་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་དུ་མཐོང་བས། འདིར་ཀུན་གྱི་སྤྱན་སྔར་འོས་སྦྱོར་བྱས་པའོ། །